དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་ལྔ་པ་ནན་ཁྲང་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཅང་ཤིས་ནན་ཁྲང་དུ་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་ལྔ་པར་ཞུགས་ཏེ་གསུང་བཤད་གནང་བ་དང་འབྲེལ། 2026ལོའི“དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར”འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔར་ནས་བཟུང་དཔེ་ཀློག་ལ་མཐོང་ཆེན་དང་སྣེ་ཁྲིད་དར་སྤེལ་གནང་ནས་དམངས་ཡོངས་ཀྱི་དཔེ་ཀློག་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རྒྱལ་ཁབ་ཀྱི་འདུན་པར་འགྱུར་རྒྱུར་སྣེ་ཁྲིད་དང་སྐུལ་འདེད་བཏང་གནང་བས། དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། དམངས་ཡོངས་ཀྱི་དཔེ་ཀློག་ལ་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་བ་དང་རིག་དཔལ་དར་བའི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཆེད་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས་དཔེ་ཀློག་ནི་ཆེས་གཞི་རྩའི་རིག་གནས་འཛུགས་སྐྱོང་ཞིག་ཡིན་ཞིང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཁྲོད་དམངས་ཡོངས་ཀྱི་དཔེ་ཀློག་གི་ནུས་པ་གལ་ཆེན་གང་ལེགས་བཏོན་ཏེ་མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱེད་དགོས་པ་དང་། དཔེ་ཀློག་ལ་དགའ་བའི་སྤྱི་ཚོགས་ཀྱི་དར་སྲོལ་ཟབ་མོ་སྐྱེད་སྲིང་བྱས་ནས་མི་རྣམས་ལ་ཚེ་གང་དཔེ་ཀློག་གི་གོམས་གཤིས་འཇགས་པར་བྱས་ཐོག་རིག་གནས་ཀྱི་ནང་དོན་སྐྱོང་སྤེལ་བྱེད་པ་དང་མི་ཚེའི་གོ་རྟོགས་མཐོ་རུ་གཏོང་དགོས་པ། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ཏེ“རིག་དཔལ་དར་བའི་ཀྲུང་གོའི”བྱེད་སྒོའི་སྤུས་རྟགས་སྐྱེད་སྲིང་བྱས་ནས་དམངས་ཡོངས་ཀྱི་དཔེ་ཀློག་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་པ།《དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དོན་འཁྱོལ་བྱས་ནས་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་ལས་དོན་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་སྔར་བས་ཆགས་པར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
ད་ལོའི“དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར”ཟླ་4ཚེས་20ནས་26ཉིན་བར་སྤེལ་རྒྱུ་ཡིན་པ་དང་། “དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་། རིག་དཔལ་དར་བའི་སྤྱི་ཚོགས་མཉམ་དུ་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱི་དཔེ་ཀློག་གི་སྤྲོ་སེམས་འཕེལ་བ་དང་རིག་དཔལ་དར་བའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།