དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བརྙན་ཐུང་ཉུང་ཙམ་དང་དཔེ་དེབ་མང་ཙམ་ལྟ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསྟན་འཛིན།   |     སྤེལ་དུས།  2026-04-23

    དེང་གི་ཆར། ང་ཚོའི་ཉེ་འཁོར་དུ་སྐྱེ་བོ་རྒན་དར་གཞོན་གསུམ་མང་པོས་སྤྱི་འཁོར་སྒུག་དུས་དང་། ཁ་ལག་ཟ་དུས། ཐ་ན་ཆབ་གསང་ལ་ཕེབས་དུས་སོགས་གང་ལྟར་ཁོམ་པ་ཕྲན་བུ་བྱུང་ན། འཕྲལ་མ་ཉིད་དུ་ཁ་པར་ནས་བརྙན་ཐུང་ལ་བལྟས་ཏེ་ངལ་གསོ་བ་དང་སྤྲོ་སྣང་འཕེལ་བ། ཆ་འཕྲིན་རྟོགས་པ་སོགས་བྱེད་བཞིན་ཡོད་པ་རེད།

    མ་གཞི་འདི་ནི་མི་སོ་སོས་རང་ཉིད་ཀྱི་བབ་ལ་བལྟོས་ནས་གདམ་ག་བྱས་པ་ཞིག་ཡིན་པས་དེར་ཐེ་ཇུས་དང་བཀག་འགོག་བྱེད་པའི་དགོས་པ་མ་མཆིས་མོད། ཡིན་ནའང་། ཁོམ་པ་བྱུང་རིམ་བཞིན་བརྙན་ཐུང་གི་དབང་དུ་སོང་ནས་དཔེ་དེབ་ཟུར་དུ་དབྱུག་རྐྱང་བྱེད་པ་ནི་གདམ་ག་ཡང་དག་ཅིག་ག་ལ་ཡིན་སྲིད་ཅེས་སྨྱུག་འཛིན་པས་བརྗོད་པར་འདོད།

    བརྙན་ཐུང་ལ་བལྟས་ན། ཤེས་བྱ་མང་པོ་ཞིག་ཤེས་ཐུབ་ལ་ཆ་འཕྲིན་ཡང་མང་པོ་ཞིག་རྟོགས་ཐུབ་པ་མ་ཟད། སེམས་ཁམས་ལྟོས་བཅས་ཀྱིས་ལྷོད་ལ་བབས་པ་སོགས་འཕྲལ་གྱི་བདེ་བ་ཆུང་ངུ་ཐོབ་སྲིད་མོད། འོན་ཀྱང་། དཔེ་དེབ་བལྟས་པ་ལྟར་གྱི་ཕན་འབྲས་ཐོན་དཀའ་མོ་རེད། དེ་ཡང་ཆ་འཕྲིན་གྱི་གཞི་རྟེན་མི་འདྲ་བའི་ངོས་ནས་བཤད་ན། བརྙན་ཐུང་ཕལ་ཆེ་བ་ནི་སྐར་མ་གཉིས་གསུམ་ཙམ་ཞིག་ཡིན་པས་ན། དེ་ནས་ཆ་འཕྲིན་ཕྱོགས་རེ་ཙམ་དང་། དམ་དུམ། གནས་སྐབས་ཙམ་ལས་ཐོབ་ཀྱི་མེད་པ་དང་། དཔེ་དེབ་ནི་དེ་དང་འདྲ་གི་མེད་དེ། དཔེ་དེབ་ཏུ་རྩོམ་པ་པོས་རྩ་ལག་གཉིས་ལྡན་གྱི་སྒོ་ནས་རང་ཉིད་ཀྱི་ལྟ་བ་ཞིག་བཀྲལ་ཡོང་བར་བརྟེན། དཔེ་དེབ་བཀླགས་ན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཤེས་བྱ་རང་རྒྱུད་ལ་འཇགས་ཐུབ་ཀྱི་ཡོད། ད་དུང་བསམ་གཞིག་བྱེད་སྟངས་ཀྱི་ངོས་ནས་བཤད་པ་ཡིན་ན། དཔེ་དེབ་ཀློག་པ་ནི་རང་འགུལ་ངང་བསམ་གཞིག་བྱེད་པ་ཞིག་ཡིན་པ་དང་བརྙན་ཐུང་ལྟ་བ་ནི་དེ་ལས་ལྡོག་སྟེ་གཞན་དབང་དུ་སོང་ནས་ཆ་འཕྲིན་དང་དུ་ལེན་པ་ཞིག་ཡིན་པས། རྟག་ཏུ་དཔེ་དེབ་གྲོགས་སུ་མི་བསྟེན་པར་བརྙན་ཐུང་གི་དབྱིངས་སུ་ཚུད་ཚེ། གཏན་ཚིགས་ཉམས་པ་དང་རྣམ་གཡེང་གི་དབང་དུ་འགྲོ་སླ་ཞེས་རིགས་གཅིག་མཁས་ཅན་མང་པོས་གསུང་བཞིན་མཆིས།

    ད་འོ་ན་དཔེ་དེབ་བཀླགས་ན་ཕན་པ་ཅི་ཡོད་ཅེ་ན། འདིར་གནའ་དེང་གི་མཁས་པ་འགའ་ཡི་གསུང་དྲངས་ནས་ཞུས་ན། ཨུ་རུ་སུའི་རྩོམ་པ་པོ་ཀོར་ཅིས། དཔེ་དེབ་ནི་མིའི་རིགས་ཡར་ཐོན་གྱི་སྐས་འཛེག་ལྟ་བུ་རེད་ཅེས་གསུངས་པ་དང་། ཧྥ་རན་སེའི་མཚན་ཉིད་རིག་པ་མཁས་ཅན་ཏི་ཁར་གྱིས། དེབ་ལེགས་པོ་ཞིག་ལྟ་བ་ནི་ཡ་རབས་ཅན་མང་པོ་ཞིག་དང་གཏམ་གླེང་བྱས་པ་དང་མཚུངས་ཞེས་གསུངས། ད་དུང་རང་ཅག་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཁྲི་སེམས་དཔས། དཔེ་དེབ་ཀློག་པ་ནི་སྲོལ་བཟང་པོ་ཞིག་སྟེ། དཔེ་ཀློག་གིས་ང་ཚོའི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་། རིག་གནས་ཤེས་བྱ་ཁོང་དུ་ཆུད་པ། འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ལེགས་པོ་ཞིག་ཆགས་པ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པར་མ་ཟད། རང་རྒྱུད་ཀྱི་རྨོངས་པའི་མུན་པ་མཐར་སྐྲོད་པ་སོགས་ལའང་ཤིན་ཏུ་སྨན་ཞེས་གསུངས། ང་ཚོས་ཁོང་རྣམ་པའི་གསེར་ལས་ལྷག་པའི་གསུང་གི་ཁྲོད་ནས་དཔེ་ཀློག་གི་དགེ་མཚན་ནམ་ཕན་ནུས་གསལ་ལེར་རྟོགས་ཐུབ་པས། འདིར་རྒྱས་བཤད་ཀྱི་ངལ་བ་དང་དུ་ལེན་པའི་དགོས་པ་མ་མཆིས་སྙམ།

    མདོར་ན། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །

    རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་དུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་སྟེ། །ཐབས་ཚུལ་མན་ངག་སྟོན་པའི་མཁས་པའི་མཆོག །ཕོངས་པར་གྱུར་ཡང་མི་འགྱུར་མཛའ་བོ་ཡིན། །ཞེས་པ་ལྟར། ང་ཚོས་རིན་ཆེན་གསེར་ལས་ལྷག་པའི་དུས་ཚོད་འཕྲོ་བརླག་ཏུ་གཏོང་བའི་བརྙན་ཐུང་ཉུང་ཙམ་དང་ཐོས་པ་གསོག་པའི་ཐབས་ལམ་ཡག་ཤོས་ཏེ་དཔེ་དེབ་མང་ཙམ་བལྟ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།