དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བརྙན་ཐུང་དར་ཁྱབ་ཆེ་དུས་འདིར། དཔེ་དེབ་གཅེས་སུ་འཛིན་ན་བཟང་།

    ——བརྙན་ཐུང་གིས་དཔེ་ཀློག་ལ་ཤུགས་རྐྱེན་ཐེབས་མིན་སྐོར་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། ཉི་མ་ཆོས་སྒྲོན། ཚེ་རིང་བུ་ཁྲིད། སྤེན་པ། བསྟན་འཛིན།   |     སྤེལ་དུས།  2026-04-23

    “ང་རང་དེབ་ལྟ་བར་དགའ་པོ་ཡོད། དེ་སྔོན་ཡིན་ན་ཟླ་བ་རེར་དེབ་གཅིག་ཙམ་ལྟ་གི་ཡོད། ཡིན་ནའང་། དེང་སང་ལས་ཐག་བཅད་རྗེས་བརྙན་ཐུང་ལྟ་བར་ཤོར་འགྲོ་གི་འདུག བྱས་ཙང་། དཔེ་དེབ་ལྟ་བར་འཐུས་ཤོར་ཕྱིན་ནས་ཕལ་ཆེར་ཟླ་བ་གཉིས་གསུམ་ཙམ་ལ་མ་གཏོགས་དེབ་གཅིག་ཀློག་ཐུབ་ཀྱི་མི་འདུག”

    འདི་ནི་ཉེ་ཆར་གསར་འགོད་པས་ལྷ་སའི་ཁྲོམ་གཞུང་དུ་བརྙན་ཐུང་གིས་དཔེ་ཀློག་ལ་ཤུགས་རྐྱེན་ཐེབས་མིན་སྐོར་བཅར་འདྲི་ཞུ་རིང་གྲོང་མི་རྣམ་སྒྲོལ་གྱིས་བཤད་པའི་སྐད་ཆ་ཞིག་རེད།

    དོན་དུ་འདི་ནི་གྲོང་མི་རྣམ་སྒྲོལ་ལ་འཕྲད་པའི་གནད་དོན་ཁོ་ན་མ་ཡིན་པར་ང་ཚོའི་ཉེ་འཁོར་གྱི་མི་མང་པོ་ཞིག་ལ་ཕྲད་དང་འཕྲད་བཞིན་པའི་ཡོངས་ཁྱབ་ཀྱི་གནད་དོན་ཞིག་རེད།

    “ནམ་རྒྱུན་ལས་ཐག་བཅད་རྗེས་བརྙན་ཐུང་ཆུ་ཚོད་གཅིག་ཙམ་ལྟ་གི་ཡོད། མཚམས་རེ་དབྱིངས་ལ་ཚུད་པ་ཡིན་ན། ཆུ་ཚོད་གཉིས་གསུམ་ཙམ་ལྟ་བར་ཤོར་འགྲོ་གི་འདུག”ཅེས་བརྙན་ཐུང་དུས་ཡུན་ཇི་ཙམ་ལྟ་གི་ཡོད་མེད་སྐོར་འདྲི་སྐབས་གྲོང་མི་རྣམ་སྒྲོལ་གྱིས་འདི་ལྟར་བརྗོད་ཅིང་། བཀའ་མོལ་དེ་གསུང་དུས་གསར་འགོད་པས་ཁོང་གི་བཞིན་ལས་དུས་ཚོད་བྱེ་མ་ཆུ་སིམ་གྱི་ཚུལ་དུ་འདས་སོང་བའི་ཕངས་སེམས་དང་བརྙན་ཐུང་གི་བསླུ་བྲིད་ལྡོག་པར་དཀའ་བའི་འུ་ཐུག་ཐབས་ཟད་ཀྱི་རྣམ་འགྱུར་ཞིག་མཐོང་།

    ལྷ་ས་མཐུན་སྒྲིལ་གྲོང་གསར་གྱི་བྱང་སྒོའི་ཉེ་འགྲམ་དུ་གནས་པའི་ཤེས་བརྩོན་དཔེ་ཁང་ནི་2023ལོར་བཙུགས་པ་ཞིག་ཡིན་ཞིང་། དཔེ་ཁང་དུ་དང་ཐོག་དཔེ་དེབ་ཉོ་བར་ཡོང་མཁན་མང་པོ་ཡོད། འོན་ཀྱང་། ལོ་འདི་དག་རིང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

    “ངས་བལྟས་ན་ང་ཚོའི་དཔེ་ཁང་དུ་དཔེ་དེབ་ཉོ་བར་ཡོང་མཁན་ཇེ་ཉུང་དུ་འགྲོ་བ་ནི་དེང་སང་མི་མང་པོས་གློག་རྡུལ་དཔར་མའི་དཔེ་དེབ་ཉོས་ནས་ལྟ་བ་དང་། དེའི་གོང་ཚད་ཀྱང་ཧ་ཅང་དམའ་པོ་འདུག ད་དུང་རྒྱུ་མཚན་གཙོ་བོ་ཞིག་ནི་མི་མང་པོས་བརྙན་ཐུང་དང་ཐད་གཏོང་ལ་ལྟ་བར་དགའ་པོ་བྱེད་ཀྱི་འདུག་པས། འདི་འདྲ་ཡིན་དུས་ང་ཚོའི་དཔེ་ཁང་དུ་དཔེ་དེབ་ཉོ་བར་ཡོང་མཁན་ཉུང་དུ་ཕྱིན་པ་འདྲ”ཞེས་ཤེས་བརྩོན་དཔེ་ཁང་གི་འགན་འཁུར་བ་ཚེ་རྣམ་གྱིས་བརྗོད།

    པ་སངས་ཚེ་རིང་ནི་ཞུས་ཆེན་ལོ་ཙཱ་བ་ཞིག་ཡིན་ཞིང་། རྒྱུན་དུ་ཞར་དང་ཞོར་ལ་དཔེ་དེབ་གྲོགས་སུ་བསྟེན་ནས་ཐོས་པ་གསོག་པར་སྤྲོ་བ་ཆེན་པོ་ཡོད་མཁན་ཞིག་རེད། ཆ་སྙོམས་བྱས་ན་ཁོང་གིས་ཟླ་རེར་དཔེ་དེབ་གཅིག་ཙམ་ཀློག་གི་ཡོད་པ་རེད། ད་འོ་ན་རྣམ་ཀུན་ཁོང་ནི་བརྙན་ཐུང་མི་ལྟ་མཁན་ཞིག་དང་བརྙན་ཐུང་གིས་ཁོང་གི་དཔེ་ཀློག་ལ་ཤུགས་རྐྱེན་ཕོག་གི་མེད་དམ་ཞེ་ན་དེ་འདྲ་ཡང་རྩ་བ་ནས་རེད་མི་འདུག

    “ང་རང་ཡང་རྣམ་ཀུན་འཁྱུག་དབྱིངས་དང་བརྙན་ཐུང་ལྟ་གི་ཡོད། ཡིན་ནའང་། དམངས་སྲོལ་དང་འཆད་ཁྲིད་ཀྱི་ནང་དོན་ལས་རྩེད་མོའི་རིགས་དེ་ཙམ་ལྟ་གི་མེད”ཅེས་ཁོང་གིས་བརྙན་ཐུང་ལྟ་སྐབས་ནང་དོན་ལ་བལྟས་ནས་གདམ་ག་ཡོད་པའི་སྒོ་ནས་ལྟ་དགོས་ཚུལ་བརྗོད་ཀྱི་འདུག་ལ། ཁོང་གིས། འདི་འདྲ་བྱས་པ་ཡིན་ན། བརྙན་ཐུང་གི་བར་གླགས་ནས་དུས་ཚོད་འཇའ་ལྟར་ཡལ་འགྲོ་བའི་རྣམ་པར་ད་གཟོད་གཞི་ནས་འགྱུར་ལྡོག་གཏོང་ཐུབ་ཀྱི་འདུག་ཅེས་རང་ཉིད་ཀྱི་མྱོང་ཚོར་མ་གསང་ལྷུག་པོར་གླེང་།

    བརྙན་ཐུང་དར་ཁྱབ་ཆེ་བའི་དེང་གི་ཆར། ང་ཚོས་སྔར་མུས་བཞིན་དཔེ་ཀློག་གི་རྒྱུན་སྐྱོང་བའི་དགོས་པའི་སྐོར་འདྲི་སྐབས་པ་སངས་ཚེ་རིང་གིས། བརྙན་ཐུང་ལྟ་རིང་ཐོབ་པའི་ཆ་འཕྲིན་ནི་ཕྱོགས་རེ་ཙམ་དང་ཐར་ཐོར་ཙམ་ཡིན་པས། དཔེ་དེབ་བལྟས་པ་ཇི་བཞིན་བརྒྱུད་རིམ་ལྡན་པ་ཞིག་ཡོང་གི་མེད། ད་དུང་དཔེ་དེབ་ངོ་མ་ནི་གློག་རྡུལ་དཔར་མའི་དཔེ་དེབ་དང་མི་འདྲ་བར་ཟིན་བྲིས་རྒྱག་བདེ་བ་དང་། མིག་ལ་མི་གནོད་པ། ཡང་སྐོར་བསྐྱར་སྐོར་དུ་ལྟ་ཆོག་པ་སོགས་ཀྱི་དགེ་མཚན་མང་པོ་ལྡན་འདུག་ཅེས་ཁོང་གིས་དོ་དོ་ནན་ནན་གྱིས་བརྗོད་ལ། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་འདོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་ཡིས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་པའི་ས་པཎ་གྱི་ལེགས་བཤད་ལུང་དུ་དྲངས་ནས། ཀློག་པ་པོར་བརྙན་ཐུང་ཉུང་ཙམ་དང་དཔེ་དེབ་མང་ཙམ་ལྟ་དགོས་པའི་འབོད་སྐུལ་བྱེད་བཞིན་འདུག

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།