དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔེ་དེབ་དྲི་ངད་འཐུལ། གཞོན་ནུའི་བློ་གྲོས་འཕེལ།

    ——ལྷ་ས་པེ་ཅིང་སློབ་འབྲིང་དུ་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་31པ་བསུ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། གནམ་ཕྱུག་རྒྱལ། བཀྲ་ཤིས། ཕུན་ཚོགས་ཉི་སྒྲོན། བསོད་ནམས་མཚོ་མོ།   |     སྤེལ་དུས།  2026-04-23

    འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་31པར་བསུ་བ་ཞུ་བ་དང་། གཞོན་ནུ་སློབ་མ་རྣམས་ལ་དཔེ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ། དེ་བཞིན་མི་རྣམས་ལ་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་འཇགས་པར་ཁྲིད་སྟོན་བྱ་ཆེད། ཉེ་ཆར། ལྷ་ས་པེ་ཅིང་སློབ་འབྲིང་གི་ཕྱོགས་བསྡུས་ཐོག་ཁང་གི་སློབ་མའི་ལྟ་ཀློག་ཁང་དུ“དཔེ་དེབ་དྲི་ངད་འཐུལ། གཞོན་ནུའི་བློ་གྲོས་འཕེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྤེལ་བར། ལོ་ན་15ནས་17བར་གྱི་སློབ་མ་46ཙམ་སྤྲོ་སྣང་དོད་པའི་བྱེད་སྒོར་ཞུགས་ཡོད་པ་རེད།

    བྱེད་སྒོའི་ཡུལ་དངོས་ཀྱི་ཁོར་ཡུག་བཀོད་པ་ལེགས་ཤིང་ཉམས་སྣང་འཁྲུག་ཆ་དོད། བྱེད་སྒོ་སྤེལ་འགོ་ཚུགས་རྗེས། སློབ་མ་ཚོས་རང་རང་དགའ་བའི་དཔེ་དེབ་བཀླགས་པ་དང་འབྲེལ། འཛམ་གླིང་དཔེ་ཀློག་ཉིན་མོ་གཏན་འཁེལ་ཇི་ལྟར་བྱས་ཚུལ་དང་དཔེ་ཀློག་གི་གལ་ཆེའི་རང་བཞིན་སྐོར་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། དཔེ་ཀློག་ཐད་ཀྱི་དགའ་མོས་འཕེལ་བར་བྱས་པ་རེད། དེ་རྗེས་དཔེ་ཀློག་ལྟ་སྦྱོང་གི་འཆར་ཅན་ལས་ཀའི་འགན་འཁུར་བ་རྒན་ལྷག་པ་ཚེ་རིང་གི་མཛུབ་ཁྲིད་འོག སློབ་མ་ཚོས་མཉམ་དུ་ཡར་སྐུལ་ལྕག་འདེབས་ཀྱི་རྩོམ་ཡིག་གྲགས་ཅན་གྱེར་འདོན་བྱས་ཏེ་ཡི་གེའི་སྟོབས་ཤུགས་ཉམས་སུ་མྱངས་པ་རེད། “དཔེ་ཀློག་ནི་ཧ་ཅང་གལ་འགངས་ཆེ་བའི་བྱ་བ་ཞིག་ཏུ་མཐོང་གི་འདུག རྒྱུ་མཚན་ག་རེ་རེད་ཟེར་ན། སྔོན་བྱོན་གྱི་མཁས་པ་ཡིན་ནའང་འདྲ། དེང་དུས་ཀྱི་ཚན་རིག་པ་དང་ཆབ་སྲིད་པ། དེ་བཞིན་རིག་རྩལ་པ་སུ་ཞིག་ཡིན་རུང་། ཁོང་ཚོར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཚང་མ་དཔེ་ཀློག་ལ་དགའ་ཞེན་ཆེན་པོ་ཡོད་པ་དེ་རེད། དེར་བརྟེན། སློབ་མ་ཚོ། དཔེ་ཀློག་ལ་ཕེབས་ཤོག”ཅེས་རྒན་ལྷག་པ་ཚེ་རིང་གིས་སྐུལ་ལྕག་དང་སྦྲགས་ནས་འདི་ལྟར་བརྗོད།

    དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་ཀྱི་གོ་རིམ་ནང་། སློབ་མ་ཚོས་རྒྱ་བོད་དབྱིན་གསུམ་ནས་བྲིས་པའི་དཔེ་དེབ་ཀྱི་ནང་དོན་དང་། དཔེ་ཀློག་གི་མྱོང་བ། འོས་སྦྱོར་བྱེད་པའི་རྒྱུ་མཚན་བཅས་གཅིག་རྗེས་གཉིས་མཐུད་དུ་ཚིག་ཉུང་དོན་བསྡུས་ཀྱིས་ངོ་སྤྲོད་བྱས་ཤིང་། ཕན་ཚུན་དབར་གྱི་བགྲོ་གླེང་ལས། ཤེས་བྱ་མཉམ་སྤྱོད་ཐུབ་པ་མ་ཟད། མཛའ་བརྩེ་ཡང་ཟབ་ཏུ་ཕྱིན་ཡོད་པ་རེད།

    ད་ཐེངས་ཀྱི་དཔེ་ཀློག་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ཁྲོད། དཔེ་དེབ་མཉམ་ཀློག་དང་། རྒྱུན་ཤེས་མཉམ་སྤྱོད། རྩོམ་ཡིག་གྱེར་འདོན་སོགས་ལ་བརྟེན་ནས་གཞོན་ནུ་སློབ་མ་རྣམས་ལ་དཔེ་ཀློག་གི་སྤྲོ་སྣང་ཉམས་སུ་མྱོང་དུ་བཅུག་ཁར། སྔར་ལས་ལྷག་པའི་སྒོ་ནས་དཔེ་དེབ་ཀློག་པར་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་པར་མཁས་པ་བཅས་ཀྱི་སློབ་རའི་དཔེ་ཀློག་གི་ཁོར་ཡུག་ཉམས་དགའ་བ་ཞིག་སྐྲུན་པར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།