དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཚན་རྩལ་སྦྲང་ཆར་ཟིལ་མ་བབས། གངས་ལྗོངས་ཞིང་སར་འབྲས་བཟང་སྨིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-23

    ཉིན་ཤས་གོང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་གྱི་ལྕགས་རུ་གྲོང་ཚོའི་ཞིང་ནང་དང་མུ་ཁར་མི་ཚོགས་ཀྱིས་ཁེངས་པ་དང་། ཡུལ་མི་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་སྲོལ་རྒྱུན་གྱི་དཔྱིད་རྨོད་ལས་ལ་བྲེལ་བཞིན་མཆིས།

    ལྕགས་རུ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་ཆོས་སྒྲོན་གྱིས། སྔོན་ཆད་གྲོང་ཚོ་ཡོངས་ཀྱི་ས་ཞིང་མུའུ་2700ལྷག་ཙམ་ཟིན་པ་ཚང་མ་ཁ་ཐོར་ཡིན་པའི་ཁར་སྒྲིག་བཀོད་ཀྱང་རྗེས་ལུས་ཐེབས་ཡོད། 2022ལོར་གྲོང་ཚོས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ནས་ས་ཞིང་མུའུ་2600ལྷག་ཙམ་ཐེངས་གཅིག་ལ་སྒྱུར་བཀོད་རིམ་སྤོར་བྱས་ཤིང་། སྒྱུར་བཀོད་རིམ་སྤོར་བྱས་རྗེས། ས་ཞིང་ཁོད་སྙོམས་པོ་ཆགས་པའི་ཁར་ཡུག་གཅིག་ཏུ་འབྲེལ་ཐུབ་པ་མ་ཟད། ཞིང་ནང་དུ་ལམ་ཡང་ཤར་གཏོང་ཐུབ་སྟེ་ཞིང་འཕྲུལ་ཆེ་གྲས་བདེ་བླག་ངང་བཏང་ནས་ལས་ཀའང་བྱེད་ཐུབ་པས། དཔྱིད་རྨོད་ནས་སྟོན་བསྡུའི་བར་སྤྱིར་ན་འཕྲུལ་ཆས་ཅན་དུ་འགྱུར་ཏེ་འབྲུ་རིགས་ཀྱི་ཐོན་འབབ་ཆེས་ཆེར་འཕར་ཡོད་ཅེས་ངོ་སྤྲོད་བྱས།

    2025ལོར་ལྕགས་རུ་གྲོང་ཚོའི་ལོ་ཧྲིལ་པོའི་ཞིང་ལས་ལོ་ཏོག་ཐོན་འབབ་ཏུན་800ལྷག་ཙམ་ཟིན་ཡོད། ད་ལོའི་གྲོང་ཚོའི་དཔྱིད་རྨོད་བཀོད་སྒྲིག་སྔར་བས་ཚན་རིག་དང་མཐུན་པ་དང་གནད་སྨིན་བྱུང་ནས་ས་ཞིང་མུའུ་1300ལྷག་ཙམ་གྱི་སར་པད་ཁ་དང་། ཞོག་ཁོག ནས། སྲན་མ་སོགས་བཏབ་ནས་འབྲུ་རིགས་དང་། དཔལ་འབྱོར། གཟན་ཆག་བཅས་གསུམ་སྤྱི་འདོམས་ཀྱིས་སྣ་མང་ཅན་གྱི་འབབ་འཕར་ཡོང་བར་བྱེད་པ་དང་། ད་དུང་སྨི་5000ལྷག་ཙམ་ཟིན་པའི་ཆུ་ཡུར་འཛུགས་སྐྲུན་རྣམ་གྲངས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཞིང་ཆུ་འདྲེན་ནུས་ཆེ་རུ་གཏོང་རྒྱུ་རེད།

    ལྕགས་རུ་གྲོང་ཚོའི་གཉའ་གཅོག་གི་མཛད་སྒོ་འཁྲུག་ཆ་དོད་པ་ནི་ལྷ་སའི་དཔྱིད་རྨོད་དཔྱིད་འདེབས་ལས་ཀའི་མཚོན་ཚུལ་ཞིག་རེད། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོའི་ལྷ་ས་གྲོང་ཁྱེར་གྱི་དཔྱིད་རྨོད་དཔྱིད་འདེབས་ལས་ཀ་དེ་ཟླ་བ་གསུམ་པའི་ཟླ་སྨད་དུ་འགོ་ཚུགས་པ་དང་། ཟླ་བ་བཞི་པའི་ཟླ་སྟོད་ནས་རིམ་བཞིན་ནུབ་ནས་ཤར་གྱི་ཕྱོགས་སུ་སྤེལ་ཏེ་སྔོན་དཔག་བྱས་ན་ཟླ་བ་ལྔ་པའི་ཟླ་དཀྱིལ་དུ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་བྱ་རྒྱུ་རེད། དཔྱིད་འདེབས་རིང་། ལྷ་ས་གྲོང་ཁྱེར་གྱིས་འབྲུ་རིགས་ལོ་ཏོག་མུའུ་ཁྲི་39.14དང་། དཔྱིད་ནས་མུའུ་ཁྲི་33.49 པད་ཁ་མུའུ་ཁྲི་6.5 སྔོ་ཚལ་མུའུ་ཁྲི་7.2 གཟན་རྩྭ་མུའུ་ཁྲི་7.3བཅས་འདེབས་པའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་རེད།

    ས་རྒྱུ་གཤིན་པ་དང་། སོན་ཡག་པ། གོ་སྐབས་བཟང་པོ། བྱ་ཐབས་ལེགས་པ་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་དམིགས་ཏེ་ལྷ་ས་གྲོང་ཁྱེར་གྱིས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་འགན་ལེན་དང་། ཞིང་འཕྲུལ་ཞབས་ཞུ། ལག་རྩལ་མཛུབ་ཁྲིད་སོགས་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་ཅིང་། ཞིང་ལས་རྒྱུ་ཆའི་ཐད་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་བྱས་པ་དང་། ཞིང་འཕྲུལ་ཐད་ཞིབ་བཤེར་དང་ཉམས་གསོ་ཕྱོགས་ཡོངས་ནས་བྱས་ཏེ་འཕྲུལ་རྨོད་དང་། འཕྲུལ་འདེབས། འཕྲུལ་འཁོར་གྱིས་སྨན་གཏོར་བ་བཅས་ཀྱི་ལས་ཕྱོད་ཆེ་རུ་བཏང་བ་མ་ཟད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཞིང་ལས་ལག་རྩལ་པ་གཞི་རིམ་དུ་བསྐྱོད་དེ་སོན་བཟང་སྤྲད་པ་དང་། ཞིང་དུད་ལ་ཐབས་བཟང་དང་སྤྱོད་གོ་ཆོད་པའི་ལག་རྩལ་ཡང་བསླབས་ཡོད།

    ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་ནི་ད་ལོའི་དཔྱིད་རྨོད་ཀྱི་བཀྲག་མདངས་འཚེར་ས་མངོན་གསལ་དོད་ཤོས་ཤིག་རེད། 2026ལོར་ལྷ་ས་གྲོང་ཁྱེར་གྱིས་རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་འཛུགས་སྐྱོང་དང་། སོན་བཟང་གསོ་སྤེལ་ཁྱབ་གདལ། འདུས་གྲུབ་ལག་རྩལ་དཔེ་སྟོན། གཉེར་སྐྱོང་བྱེད་པོ་གསར་པའི་མུའུ་རེའི་ཐོན་ཚད་མཐོར་གཏོང་། འཕྲུལ་ཆས་ཅན་གྱི་བཀོལ་སྤྱོད་སོགས་ཕྱོགས་ཆེན་པོ་བརྒྱད་ལ་དམིགས་ནས་སོན་བཟང་ཁྱོན་ཡོངས་ལ་ཁྱབ་གདལ་བཏང་བ་དང་། སྔོན་འགོག་དང་ཚོད་འཛིན་གྱི་གནོད་མེད་ལག་རྩལ་སྤྱད་པ། རིག་ལྡན་ཞིང་འཕྲུལ་ཁྱབ་གདལ་བཏང་བ་བཅས་ལ་བོད་ཀྱི་རྨོ་ཞིང་རིག་གནས་རྒྱུན་འཛིན་དང་མཉམ་དུ་ཤུགས་སྣོན་བརྒྱབ་ཡོད།

    འབད་བརྩོན་བྱས་ན་འབྲས་བཟང་སྨིན། དུས་ཚོད་རྩ་ཆེན་དམ་འཛིན་བྱེད། ལྕགས་རུ་གྲོང་ཚོར་གཉའ་གཅོག་གི་མཛད་སྒོ་འཁྲུག་ཆ་དོད་པོས་སྤེལ་བ་ནས་འགོ་བརྩམས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཞིང་ཁ་ཡོངས་ལ་འདེབས་འཛུགས་བྱེད་པའི་བར་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་པ་དང་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་གཉིས་ཀྱིས་ཕྱོགས་གཅིག་ཏུ་ནུས་ཤུགས་བཏོན་ཏེ། ཐོན་ལས་དང་གྲོང་གསེབ་དར་ཞིང་རྒྱས་པའི་མི་སེམས་འགུལ་བའི་རྣམ་པ་ཞིག་གངས་ལྗོངས་ས་མཐོར་རིམ་བཞིན་མངོན་བཞིན་མཆིས།

    (《ཚན་རྩལ་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།