དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “སྦྲ་གུར་ཁྲོམ་ར”ནས“རྒྱལ་སྤྱིའི་འགག་སྒོའི”བར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-23

    འདི་ནི་2003ལོའི་གོང་གི་ས་རྡོས་བརྒྱབ་པའི་སྤུ་ཧྲེང་ཏིང་དཀར་མཐའ་མཚམས་ཉོ་ཚོང་ཁྲོམ་ར་ཡིན་པ། (སྤུ་ཧྲེང་འགག་སྒོ་དོ་དམ་ཨུ་ལྷན་གྱིས་མཁོ་འདོན་བྱས་པའི་པར)

    འདི་ནི་སྤུ་ཧྲེང་ཏིང་དཀར་མཐའ་མཚམས་ཉོ་ཚོང་ཁྲོམ་ར་གསར་པའི་རྣམ་པ་ཡིན་པ། (སྤུ་ཧྲེང་མཉམ་འདྲེས་སྨྱན་སྦྱོར་གྱིས་མཁོ་འདོན་བྱས་པའི་པར)

    རྩོམ་སྒྲིག་པའི་སྦྲགས་མཆན།

    བགྲང་བྱ་བདུན་ཅུར་ངོ་མཚར་འཕྲིན་བཟང་སྤེལ། སྣག་ཤོག་དྲི་ཞིམ་ས་མཐོ་ཡོངས་སུ་འཐུལ། ཟླ་4ཚེས་22ཉིན《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་70འཁོར་ཞིང་། ཚགས་པར་བཏོན་པའི་ཉིན་དེ་ནས་བཟུང་། ཚགས་པར་དེ་བོད་ཀྱི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མི་རིགས་ཁག་གི་མི་དམངས་དང་བདེ་སྡུག་མཉམ་མྱོང་གིས་སྤྱིར་བཏང་མིན་ལ་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཡོད།

    བགྲང་བྱ་བདུན་ཅུར་ངོ་མཚར་གྲུབ་འབྲས་བཏོད། འབད་འབུངས་ཡར་བརྩོན་རྒྱང་ལམ་གསར་པར་སྐྱོད། འགོ་འཛུགས་ས་གསར་པར《བོད་ལྗོངས་ཉིན་རེའི་ཚགས་པར》གྱིས་ཐོག་མའི་བསམ་འདུན་ནམ་ཡང་རྒྱུན་འཁྱོངས་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་གངས་ལྗོངས་ས་མཐོར་གཞི་ཚུགས་པ་དང་མི་དམངས་ལ་ཞབས་འདེགས་ཞུས་ཏེ། བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་དེ་བས་འོད་སྟོང་འཕྲོ་བའི་དུས་རབས་ཀྱི་ལེའུ་མུ་མཐུད་བརྩམ་རྒྱུ་ཡིན་པ་རེད།

    འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང་། 《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དམིགས་བསལ་རྩོམ་ཡིག་ཁག་7འདོན་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།

    “ས་གནས་ཁག་ནས་ཡོང་བའི་ཚོང་པས་ཆུ་ངོགས་ཀྱི་ས་མཐོ་ས་ཞིག་ཏུ་གུར་སྟར་པ་གཅིག་ཕུབ་ནས་ཁྲོམ་བཏོན་པ་དང་། འབྲོག་པས་ལུག་ལ་བརྟེན་ནས་དབོར་བའི་ཚྭ་ཆུ་ངོགས་སུ་སྤུངས་པ་ལ་སོགས”ཚགས་པར་རྙིང་པ་ཁ་ཕྱེ་ནས་ལྟ་སྐབས། 1956ལོའི་ཟླ་8ཚེས་31ཉིན། ཚགས་པར་བཏོན་ནས་ཟླ་བ་4ལས་མ་སོང་བའི《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་པར་ངོས་དང་པོར་སྤུ་ཧྲེང་རྫོང་གི“ཚྭ་འབྲུ་བརྗེ་ཚོང་ཁྲོམ་རའི”རྣམ་པ་གསོན་ཉམས་དོད་པོས་བཀོད་ཡོད།

    《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་70འཁོར་བའི་སྐབས་འདིར། ང་ཚོ་སླར་ཡང་མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་ཁྱེར་དེར་འབྱོར། སྔོན་ཆད་དངོས་ཟོག་བརྗེ་རེས་བྱེད་སའི“སྦྲ་གུར་ཁྲོམ་ར”ད་ཆ་ཀྲུང་ནེ་སྦྲེལ་མཐུད་དང་ཨེ་ཤེ་ཡ་ལྷོ་མར་ཁྱབ་པའི་དེང་རབས་ཅན་གྱི“རྒྱལ་སྤྱིའི་འགག་སྒོ”ཞིག་ཏུ་གྱུར་པ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ཁྲིད་སྟོན་འོག ལོ་རྒྱུས་ཡུན་རིང་ལྡན་པའི“བགྲོད་ལམ་རྩེ་གྲ”དེ་ནས་གསོན་ཤུགས་གསར་པ་རྒྱས་ནས། བོད་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་བཞིན་མཆིས།

    ཁྲོམ་རའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ།

    “ང་རང་ལོ་12ལ་སླེབས་པའི་ལོ་དེར། པཱ་ལགས་དང་མཉམ་དུ་ཤིང་ཕོར་དང་འབྲུ་སོགས་སྒལ་པར་ཁུར་ནས་རི་ལམ་ཕྲ་མོ་བརྒྱུད་གངས་རི་བརྒལ་ཏེ་རྐང་ཐང་མར་ཉིན་གཉིས་ཕྱིན་རྗེས་སྤུ་ཧྲེང་དུ་འབྱོར་བྱུང་། ང་ཚོས་འཁྱེར་བའི་དངོས་ཟོག་དེ་དག་དང་འབྲོག་ཚྭ་དང་འཚོ་བའི་མཁོ་ཆས་གཞན་དག་བརྗེ་པོ་བརྒྱབ་པ་ཡིན”ཞེས་སྤུ་ཧྲེང་ཏིང་དཀར་མཐའ་མཚམས་ཉོ་ཚོང་ཁྲོམ་རར་ལོ་50ལ་སླེབས་པའི་མིག་དམར་ཐབས་མང་གིས་སྣུམ་ཤིག་ཤིག་གི་ཤིང་ཕོར་དེར་འཕུར་འཕུར་བྱེད་ཀྱིན་ཕྱིར་དྲན་བྱེད་བཞིན་བརྗོད།

    སྐབས་དེ་དུས་ཀྱི་ཉོ་ཚོང་ནི་དཔེ་མཚོན་གྱི་དངོས་ཟོག་བརྗེ་རེས་ཤིག་རེད། 《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་སྐབས་དེ་དུས་ཀྱི་རྣམ་པ་ཞིབ་ཅིང་ཕྲ་བ་བཀོད་ཡོད་པ་སྟེ། “དངོས་ཟོག་བརྗེ་པོ་རྒྱག་མཁན་ཞིང་འབྲོག་པ་དང་། ལག་ཤེས་བཟོ་རྩལ་པ་མི་ལྔ་གསུམ་ཙམ་གུར་ནང་སྡོད་པ་དང་། ལ་ལས་བལ་དང་། ཚྭའམ་ཡང་ན་འབྲུ་རིགས་སྤུངས་པའི་འགྲམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་པའམ་ཡང་ན་ཞིང་འབྲོག་ཐོན་རྫས་དང་། ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་རིན་གོང་འགྲིག་བཞིན་ཡོད་པ་རེད”

    2018ལོར། སྤུ་ཧྲེང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་2.8བཏང་ནས་ད་ཆའི་ཏིང་དཀར་མཐའ་མཚམས་ཉོ་ཚོང་ཁྲོམ་ར་བསྐྲུན་ཞིང་། ཁྲོམ་ར་གསར་པ་དེ་སྔའི“སྦྲ་གུར་ཁྲོམ་རའི”ཁ་སྤྲོད་དུ་ཡོད་པ་དང་། དེ་ནི་སྔར་བཞིན་ཚོང་ཟོག་ཙག་ཙིག་དང་། ཡུལ་སྐོར་དྲན་རྟེན་དངོས་རྫས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་རྒྱལ་སྤྱིའི་ཉོ་ཚོང་བསྡུ་འགྲེམས་ལྟེ་གནས་ཤིག་རེད།

    སྦྲ་གུར་ནས་ས་རྡོའི་ཁང་པ་དང་དེ་ནས་དེང་རབས་ཅན་གྱི་ཁྲོམ་རའི་བར་ལོ་རྒྱུས་ཀྱི་འཕོ་འགྱུར་བརྒྱུད་མྱོང་བའི་མིག་དམར་ཐབས་མང་གིས་ཀྲུང་གོའི་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་མཉམ་སྤྱོད་བྱེད་བཞིན་ཡོད། ན་ནིང་ཁོང་ལ་ཁེ་བཟང་སྒོར་ཁྲི་15བྱུང་ཡོད་པ་རེད།

    འགག་སྒོ་སྒྲོལ་བའི་ལས་ཆོད་ཇེ་ཆེར་སོང་བ།

    སྔ་དྲོའི་ཆུ་ཚོད་10དང་ཕྱེད་ཀར། ཞོགས་པའི་ཉི་འོད་མཐའ་འཁོར་གྱི་གངས་རིར་འཕྲོས་ཤིང་། སྤུ་ཧྲེང་འགག་སྒོའི་མཉམ་འབྲེལ་ཞིབ་བཤེར་ཐོག་བརྩེགས་ཁང་ཆེན་བརྗིད་ཉམས་ལྡན་ལ་འགྱིང་ངེར་གནས་པ་དང་དེའི་སྟེང་གི་རྒྱལ་རྟགས་ནས་འོད་ཆེམ་ཆེམ་དུ་འཕྲོ་བཞིན་མཆིས། ཞིབ་བཤེར་པ་ཁྲེན་ཤིང་ཡུས་དང་ལས་རོགས་ཚོ་འགག་སྒོ་སྒྲོལ་སའི་ཞིབ་བཤེར་ལས་སྟེགས་མདུན་དུ་ལངས་པ་དང་། འགྲུལ་པ་ཚོས་གོ་རིམ་ལྡན་པའི་སྒོ་ནས་ཞིབ་བཤེར་ཁག་དང་ལེན་བྱས་ཏེ་གཅིག་རྗེས་གཉིས་མཐུད་ངང་འགག་སྒོ་སྒྲོལ་བཞིན་ཡོད་པ་རེད།

    “ང་ཚོའི་ལས་གནས་ནི་རྒྱལ་ཁབ་ཀྱི་འགག་སྒོར་ཡོད་པས། ཞིབ་བཤེར་བྱེད་ཐེངས་ཚང་མ་ནི་མེས་རྒྱལ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་ཞིག་རེད”ཅེས་ཁྲེན་ཤིང་ཡུས་ཀྱིས་བརྙན་ཤེལ་སྟེང་གི་འགག་སྒོ་སྒྲོལ་བའི་ཆ་འཕྲིན་ལ་ལྟ་བཞིན་བརྗོད་པ་དང་། ཁོང་གིས“ད་ཆ་རིག་ནུས་ཞིབ་བཤེར་མ་ལག་ཡོད་པས་ཆ་འཕྲིན་བསྡུར་བ་བྱེད་པ་དང་ལག་ཁྱེར་ཞིབ་བཤེར་བྱེད་པར་སྐར་ཆ་ཁ་ཤས་ལས་འགོར་གྱི་མེད”ཅེས་བརྗོད།

    2014ལོར། སྤུ་ཧྲེང་འགག་སྒོ་དོ་དམ་ཨུ་ལྷན་བཙུགས་ནས་འགག་སྒོ་འཛུགས་སྐྲུན་དང་དོ་དམ་མཐུན་སྦྱོར་ལས་དོན་གྱི་འགན་འཁུར་བ་དང་། དེ་རྗེས་མཉམ་འབྲེལ་ཞིབ་བཤེར་ཐོག་བརྩེགས་ཁང་ཆེན་དང་། ཏིང་དཀར་མཐའ་མཚམས་ཉོ་ཚོང་ཁྲོམ་ར་གསར་པ། མཐའ་མཚམས་ཞིབ་བཤེར་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས། རྒྱལ་ཁོངས་སུ་དབོར་བའི་དངོས་ཟོག་ཕྱོགས་བསྡུས་ཞིབ་བཤེར་བྱེད་ས་སོགས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པ་རེད།

    ཉེ་བའི་ལོ་ཤས་རིང་། འགག་སྒོ་དང་། མཐའ་མཚམས་ཞིབ་བཤེར། དོ་དམ་ཨུ་ལྷན་སོགས་སྡེ་ཚན་གྱིས་མཉམ་དུ་ཤུགས་སྣོན་བརྒྱབ་ནས་མཐའ་མཚམས་ཡུལ་མིའི་ཕན་ཚུན་ཉོ་ཚོང་དང་། འབོར་ཉུང་ཚོང་དོན། འགྲུལ་པ་འགག་སྒོ་སྒྲོལ་བ་བཅས་ལ་རིགས་དབྱེའི་ཇུས་བསྟར་བྱས་ཏེ། བརྒྱུད་རིམ་སྟབས་བདེ་རུ་དང་། དུས་བཅད་ཐུང་དུ། མ་གནས་དམའ་རུ་བཅས་བཏང་བ་དང་། དྲ་ཐོག་ནས་ཡིག་ཐོག་སྙན་ཞུ་འབུལ་བ་དང་། འབྱོར་མ་ཐག་ཞིབ་བཤེར་བྱེད་པ། ཤོག་ཐོག་དཔང་ཡིག་མེད་པར་འགག་སྒོ་སྒྲོལ་བ་སོགས་སྟབས་བདེའི་བྱ་ཐབས་བཏོན་ནས་འགག་སྒོ་སྒྲོལ་བའི་དུས་ཚོད་50%ཡན་ཐུང་དུ་བཏང་ཡོད་པ་རེད།

    “དེ་སྔོན་སྒོ་ཁྲལ་སྙན་སེང་ཞུ་བར་འགྲོ་ལུགས་མང་པོ་གཉེར་དགོས་ཀྱི་ཡོད། ད་ཆ་ལགས་ཐོག་ཁ་པར་ནས་དཔྱད་གཞི་སྐྱེལ་ཆོག་པས། དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་གྱི་མཐའ་མཚམས་ཚོང་པ་ཚེ་དབང་གིས་འགག་སྒོའི་ཟོག་རར་ནེ་པ་ལ་ཡི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་གྲངས་འབོར་བཤེར་བཞིན་བརྗོད། འགག་སྒོ་སྒྲོལ་བའི་ནུས་ཆེའི་བརྒྱུད་རིམ་ལས་ཁྲོམ་ར་རྒྱ་སྐྱེད་གཏོང་བའི་ཁོང་གི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད།

    གྲངས་གཞི་ལས་མངོན་པར། 2025ལོར། སྤུ་ཧྲེང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་ཁྲི་3551ཟིན་པ་དེ་དུས་མཚུངས་ལས་65%འཕར་བ་དང་། འགག་སྒོ་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་2.7ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་86%འཕར་ཡོད་པ་རེད། གྲངས་གཞི་དེ་དག་ལས་མངོན་པ་ནི་ཉོ་ཚོང་གི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཡིན་ལ། “གཉེན་ཉེའི་འབྲེལ་བ་དེ་བས་ཟབ་ཏུ་སོང་བ་དང་། གྲོགས་པོའི་ལ་རྒྱ་སྔར་བས་ཟབ་ཏུ་ཕྱིན་པའི”དོན་དངོས་ཀྱི་དཔེ་རིས་ཤིག་ཀྱང་ཡིན།

    དམངས་ཕྱུག་གི་ནུས་འབྲས་ཇེ་ཆེར་སོང་བ།

    བྱམས་པ་དོན་གྲུབ་ནི་སྤུ་ཧྲེང་རྫོང་སྟག་ལ་མཁར་ཕྱིར་གཏོང་ནང་འདྲེན་སྒོ་ཁྲལ་སྙན་ཞུ་འགན་འཁྲི་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཡིན་པ་དང་། ཚོང་བྲེལ་ཆེ་བའི་དུས་སུ་སླེབས་ཉེར་ཡོད་པས། ཁོང་གིས་སྔོན་ཚུད་ནས་འཆར་གཞི་བཀོད་དེ་ལས་ཀ་ཡིན་བསམས་པ་ཞིག་བྱེད་རྩིས་ཡོད་པ་རེད།

    ནེ་པ་ལ་དང་རྒྱ་གར་གྱི་ཉེ་འགྲམ་དུ་གནས་པའི་སྤུ་ཧྲེང་འགག་སྒོའི་ཁུལ་ཁོངས་ཀྱི་ལེགས་ཆར་དམིགས་པ་དང་སྤུ་ཧྲེང་འགག་སྒོའི་ཉོ་ཚོང་བྱེད་ཚད་མགྱོགས་མྱུར་འཕེལ་བའི་དོན་དངོས་ལ་གཞིགས་ཏེ། 2023ལོར། བྱམས་པ་དོན་གྲུབ་ཀྱིས་ཀུང་སི་དེ་ཐོ་བཀོད་ནས་བཙུགས་ཤིང་། གཙོ་བོ་གློག་རྡུལ་ཐོན་རྫས་དང་། འཕྲིན་གཏོང་སྒྲིག་ཆས། ཨར་སྐྲུན་རྒྱུ་ཆ། ཞིང་འབྲོག་ཁྱད་ལྡན་ཐོན་རྫས། ཉེར་མཁོའི་དངོས་ཟོག་སོགས་འཚོང་གི་ཡོད་པ་དང་། དེའི་ནང་ནས་མང་ཤོས་ནི་ཨར་སྐྲུན་རྒྱུ་ཆ་འཚོང་གི་ཡོད་པ་རེད།

    སྤུ་ཧྲེང་འགག་སྒོ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེས་ཉོ་ཚོང་དར་རྒྱས་ལ་སྐུལ་མ་ཐེབས་པ་མ་ཟད། མཐའ་མཚམས་ཡུལ་མི་ཕྱུག་འགྱུར་ཡོང་བར་དེ་བས་སྣེ་ཁྲིད་ཐུབ་ཡོད།

    མཐའ་མཚམས་གྲོང་ཁྱེར་དེའི་ཁྲོམ་གཞུང་ཆེ་ཆུང་གང་སར་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པས་ཁེངས་ཤིང་། ཧི་མ་ལ་ཡའི་འདབས་སུ་ཆགས་པའི“རྒྱལ་ཁབ་ཀྱི་སྒོ་མོ”དེས་དེ་བས་སྒོ་དབྱེའི་རྣམ་པར་བརྟེན་ནས་མཐའ་མཚམས་དར་རྒྱས་དང་མི་དམངས་བདེ་སྐྱིད་ཡོང་བའི་ལེའུ་གསར་པ་ཞིག་མུ་མཐུད་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།