འབབ་ཚུགས་གསར་པ་འདིས་ནག་ཆུའི་འགྲུལ་པར་ཕན་ཐོགས་ཆེན་པོ་ཡོང་བ་འདུག
ཉེ་དུས། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འགྲུལ་སྐྱེལ་འབབ་ཚུགས་ཡིན་པའི་ལྷ་ས་གྲོང་ཁྱེར་གཡོད་ཐུང་འབབ་ཚུགས་ལས་དོན་ཚད་ཡོད་ཀུང་སི་གདོང་དཀར་འགྲུལ་སྐྱེལ་འབབ་ཚུགས་སྤྱོད་འགོ་ཚུགས་ཤིང་། དེས་ལྷ་སའི་ནུབ་རྒྱུད་ཀྱི་འགྲུལ་སྐྱེལ་སྟོང་ཆ་བསྐངས་པ་དང་། བོད་བྱང་རྒྱུད་ཀྱི་འགྲུལ་སྐྱེལ་དང་ཕྱིར་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་ནས་སྟོད་ལུང་དང་དེ་བཞིན་གྲོང་ནུབ་ཀྱི་མང་ཚོགས་ལ་སྟབས་བདེ་སྐྲུན་པ་མ་ཟད། ལྷ་ས་ནས་བོད་བྱང་རྒྱུད་དུ་སྐྱོད་པའི་འགྲིམ་འགྲུལ་ཆ་རྐྱེན་ཡང་དེ་བས་ལེགས་སུ་ཕྱིན་ཡོད།

རིམ་པ་གཉིས་པའི་འགྲུལ་སྐྱེལ་འབབ་ཚུགས་གསར་པ་དེས་འགྲུལ་པ་བསུ་སྐྱེལ་ལ་སྟབས་བདེ་གང་མང་སྐྲུན་ཞིང་། དེ་སྔའི་ལྷ་སའི་བྱང་ཕྱོགས་འགྲུལ་སྐྱེལ་འབབ་ཚུགས་ནས་ནག་ཆུ་སོགས་སུ་གཏོང་བའི་རླངས་འཁོར་གདོང་དཀར་འགྲུལ་སྐྱེལ་འབབ་ཚུགས་ལ་ཁ་བཀག་གི་ཡོད་པས་གྲོང་ནུབ་དང་སྟོད་ལུང་གི་འགྲུལ་པ་ཐག་ཉེ་ས་ནས་རླངས་འཁོར་སྡོད་ཆོག་གི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གདོང་དཀར་འབབ་ཚུགས་ནས་ནག་ཆུའི་ཕྱོགས་སུ་འགྲུལ་སྐྱེལ་རླངས་འཁོར་མང་ཤོས་གཏོང་གི་ཡོད་པ་དང་། མངའ་རིས་དང་། འདམ་གཞུང་། ཡངས་པ་ཅན། དཔལ་མགོན། ཉི་མ་སོགས་སུ་གང་ལ་གང་འཚམ་བཀོད་སྒྲིག་བྱས་པ་དེས་མང་ཚོགས་ཀྱི་དགོས་མཁོ་གང་ལེགས་བསྐང་རྒྱུ་རེད།
གདོང་དཀར་འགྲུལ་སྐྱེལ་འབབ་ཚུགས་སྤྱོད་འགོ་ཚུགས་པ་དེས་ལྷ་སའི་ནུབ་རྒྱུད་གཞུང་ལམ་གྱི་འགྲུལ་སྐྱེལ་དྲ་བ་སྔར་བས་འཐུས་ཚང་དང་། ལྷ་ས་དང་བོད་བྱང་རྒྱུད་ཀྱི་རྫོང་དང་ཆུས་ཁག་དབར་གྱི་འབྲེལ་བ་དེ་བས་དམ་ཟབ་ཏུ་སོང་ལ། འགྲུལ་པ་འགྲོ་འོང་དང་དངོས་ཟོག་སྐྱེལ་འདྲེན། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་བཅས་ལའང་སྟབས་བདེ་ཆེན་པོ་བསྐྲུན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་དང་། ལམ་རྒྱུད་ཐོན་ལས་རིམ་སྤོར། གྲོང་གསེབ་དར་རྒྱས་བཅས་ལ་འདེགས་སྐྱོར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།