མི་ཐབས་ཀྱིས་གནམ་གཤིས་ལ་འགྱུར་ལྡོག་བཏང་བས་ཆར་ཆུ་འབབ་ཚད་ཏུན་དུང་ཕྱུར་1.06ཙམ་མང་དུ་ཕྱིན་པ།
ཟླ་4ཚེས་14ཉིན་ནས་ཚེས་18ཉིན་བར། གནམ་གཤིས་ཡག་པའི་གོ་སྐབས་དམ་འཛིན་བྱས་ཏེ། གནམ་གཤིས་སྡེ་ཚན་གྱིས་ཐན་འགོག་རླན་སྲུང་དང་། དཔྱིད་རྨོད་དཔྱིད་འདེབས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་རིམ་པ་དམའ་རུ་གཏོང་བ། དེ་མིན་སྐྱེ་ཁམས་སླར་གསོ་སོགས་དམངས་འཚོའི་དགོས་མཁོ་གཙོ་བོར་དམིགས་ནས། མི་ཐབས་ཀྱིས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་བྱ་སྤྱོད་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། གནམ་གྲུ་དང་ས་ངོས་སུ་མི་ཐབས་ཀྱི་ཆར(གངས)འབེབས་ལས་ཀ་སྒྲིག་འཛུགས་བྱས་ཤིང་། ཚེས་18ཉིན་བར། ཆར་འབེབས་ལས་ཀས་སྤྱི་ལེ་གྲུ་བཞི་ཁྲི་57.4ཙམ་གྱི་སར་ཆར་ཆུ་འབབ་ཚད་ཏུན་དུང་ཕྱུར་1.06ཙམ་མང་དུ་ཕྱིན་ཡོད་པ་རེད།
ཚེས་14ཉིན་ནས་ཚེས་16ཉིན་བར། ཀྲུང་གོ་གནམ་གཤིས་ཅུས་མི་ཐབས་གནམ་གཤིས་ཤུགས་རྐྱེན་ལྟེ་གནས་ཀྱིས་ད་ཐེངས་ཀྱི་གནམ་གཤིས་འགྱུར་བར་དམིགས་ཏེ“དཔྱིད་ཀའི་བརླན་གཤིས”བྱ་སྤྱོད་ཀྱི་མཉམ་འབྲེལ་གྲོས་མོལ་སྣེ་ཁྲིད་སྒྲིག་འཛུགས་བྱས་པ་དང་། རིམ་འཕར་རང་བཞིན་གྱིས་ས་ཁོངས་བསྒྲལ་ཏེ་མི་ཐབས་ཀྱི་ཆར(གངས)འབེབས་མཉམ་འབྲེལ་ལས་ཀར་སྤྱི་འདོམས་བཀོད་གཏོང་བྱས་པ་རེད། ལས་སྒྲུབ་ས་ཁོངས་ནང་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཤིས། ནང་སོག ཧྲའན་ཤིས། ཀན་སུའུ། མཚོ་སྔོན། ཉིང་ཞ། ཤིན་ཅང་བཅས་ཞིང་ཆེན་10ཚུད་ཡོད་ཅིང་། དཔྱིད་རྨོད་དཔྱིད་འདེབས་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གྱི་འགག་རྩའི་དུས་སུ་སླེབས་པའི་ཞིང་ཁ་དང་སྔོ་ཁེབས་ལ་དུས་ཐོག་ཆར་པ་ཕབ་པ་རེད།
“དཔྱིད་ཀའི་བརླན་གཤིས”བྱ་སྤྱོད་དེ་ཟླ་4ཚེས་30ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་། གནམ་གཤིས་སྡེ་ཚན་གྱིས་ཐན་པའི་འགྱུར་བ་དང་ཆར་ཆུ་འབབ་ཚད་ལ་རྒྱུན་མཐུད་དོ་ཁུར་དམ་ཟབ་བྱ་རྒྱུ་ཡིན་ལ། དུས་ཚིགས་ཚང་མར་ཁྱབ་པ་དང་ལས་རྣམ་མང་པོར་ཞབས་འདེགས་ཞུ་བའི་རྒྱུན་རྣམ་ཅན་གྱི་མི་ཐབས་ཀྱིས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་མཉམ་འབྲེལ་ལས་ཀ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།