དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཚགས་པར་གཅིག་ལ་བཅངས་པའི་མི་རབས་གཉིས་ཀྱི་ལྷད་མེད་བརྩེ་སེམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-22

    ཧོང་ཤིས་ཅིང་།  ནག་ཆུར་དཀའ་བ་སྤྱད་པའི་བགྲང་བྱ་བདུན།

    ལོ་7ཙམ་གྱི་བོད་སྐྱོར་གསར་འགྱུར་གྱི་ལོ་ཟླ་ད་དུང་ཡིད་ལ་གསལ་ལྷམ་མེར་འཆར་གྱི་འདུག

    སྐབས་དེ་དུས་ལས་ཀ་ཟེར་ནའང་འདྲ་འཚོ་བ་ཟེར་ནའང་འདྲ་ཚང་མ་ཁང་ཆུང་ཞིག་གི་ནང་སྒྲུབ་དགོས་ཀྱི་ཡོད། གྱང་ངོས་སུ་ཚགས་པར་རྙིང་པ་སྦྱར་ཡོད་པ་དང་། ཁང་པ་གཅིག་གི་ནང་མི་གཉིས་མཉམ་དུ་སྡོད་པ། ཅོག་ཙེ་གཅིག་དང་། ཉལ་ཁྲི་གཉིས། ལྕགས་ཐབ་གཅིག སོལ་རླངས་ཐབ་གཅིག མཐོ་གནོན་ཁྲོ་ཐབ་གཅིག་བཅས་ནི་ཁྱིམ་ནོར་ཡོངས་རྫོགས་རེད། ཐབ་ལ་མེ་བཏང་ནས་དྲོད་ལེན་ཐབས་བྱེད་དགོས་པས་ལྕི་བ་མི་འདང་བའི་སྐབས་སུ་ལྕི་བ་སྒྲུག་པར་འགྲོ་དགོས་ཀྱི་ཡོད།

    ལོ་7གྱི་ལོ་ཟླའི་ནང་ང་ནི་མིང་དོན་མཚུངས་པའི“རྟ་ཐོག་གི་གསར་འགོད་པ”ཞིག་རེད། གཤམ་སྐྱོད་བྱེད་སྐབས་རྟ་བཞོན་ནས་འགྲོ་བ་དང་སྐབས་རེ་ལམ་ཟུར་ནས་རླངས་འཁོར་བཀག་སྟེ། འགྲོ་དགོས་ཀྱི་ཡོད་པས། སྲོག་ཀྱང་ཤོར་གྲབས་ཐེངས་འགའ་ཤས་བྱེད་མྱོང་ཡོད།

    ངས་རྒྱུན་དུ་གསར་འགྱུར་འགོད་མཁན་ཞིག་གི་འགན་འཁྲི་གང་ཡིན་ནམ། གང་སར་བསྐྱོད་ནས་རྩོམ་ཡིག་འབྲི་བ་དང་། དོན་དངོས་ལ་འགན་འཁུར་བ། ཀློག་པ་པོར་འགན་འཁུར་བ་བཅས་ལ་བསམ་བློ་ཡང་ཡང་གཏོང་གི་ཡོད།

    མི་སྣ་ངོ་སྤྲོད།

    ཧོང་ཤིས་ཅིང་། ལོ་80 2005ལོའི་ཟླ་10པར་ཧོ་ནན་ཉིན་རེའི་ཚགས་པར་ལས་ཁུངས་ནས་རྒན་ཡོལ་ཞུས། 1979ལོའི་ཟླ་6པར་ཧོ་ནན་ཞིང་ཆེན་གྱིས་བོད་སྐྱོར་གསར་འགྱུར་ལས་དོན་པར་མངགས་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ནག་ཆུའི་གསར་འགོད་པའི་ས་ཚིགས་སུ་ཕྱག་ལས་གནང་ཞིང་། ཁོང་གིས་ལོ་བདུན་ཙམ་རིང་ལས་གནས་བརྟན་སྲུང་གནང་། ཁོང་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ནག་ཆུའི་གསར་འགོད་པའི་ས་ཚིགས་ཀྱི་འཕེལ་རྒྱས་མིག་མཐོང་ལག་ཟིན་གནང་མཁན་ཞིག་དང་ལེགས་སྐྱེས་འབུལ་མཁན་ཞིག་རེད།

    དབན་ཅིང་། རྒན་རབས་ཚོའི་ལས་ཀའི་སྙིང་སྟོབས་རྒྱུན་འཛིན་བྱས།

    དཔྱིད་འགོར་ང་རང་ཧོ་ནན་དུ་བསྐྱོད་ནས་དགུང་ལོ་བརྒྱད་ཅུར་སླེབས་པའི་ཀྲན་ཀྲང་རྙིང་པ་ཧོང་ཤིས་ཅིང་ལ་བཅར་འདྲི་ཞུས་པ་ཡིན། བགྲང་བྱ་40ལྷག་ཙམ་སོང་རྗེས་ཀྱི་གླེང་མོལ་འདིས“དགུ་བཅུ་ནང་སྐྱེས”ཀྱི་ས་མཐོའི་གསར་འགོད་པ་རང་ཉིད་ལ་རྒན་རབས་ཁོང་གི་ལས་གཅེས་སྙིང་སྟོབས་རྦད་དེ་མྱོང་ཚོར་ཐུབ་བྱུང་།

    རྒན་ཧོང་ཤིས་ཅིང་ལགས་ཀྱིས་གསུངས་པའི་བཀའ་མོལ་ཉན་རྗེས། རང་ཉིད་ཀྱི་མྱོང་བ་དག་རྒན་རབས་པ་ཚོའི་ལས་ཀའི་བཅུ་ཆ་གཅིག་ཙམ་ཡང་ཟིན་གྱི་མེད་པ་གཞི་ནས་ཤེས་བྱུང་། སྐབས་དེ་དུས་རྒན་ཧོང་ལགས་ཀྱིས་ཤོག་བུ་དང་སྨྱུ་གུར་བརྟེན་ནས་གསར་འགྱུར་འབྲི་བ་དང་རྟ་བཞོན་ནས་བཅར་འདྲིར་བསྐྱོད་དགོས་པ་མ་ཟད། ད་དུང་ཏར་བཏང་ནས་གསར་འགྱུར་མ་ཟིན་བསྐུར་དགོས་ཀྱི་ཡོད། ད་ཆ་ང་ཚོར་པར་ཆས་དང་། ལག་ཐོགས་ཁ་པར། སྨྱན་སྦྱོར་གསར་པའི་ལས་སྟེགས་བཅས་ཡོད་པས་བཅར་འདྲི་དང་རྩོམ་སྒྲིག་གི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་བརྒྱུད་བསྒྲགས་བྱེད་སྟངས་ཀྱང་དེ་བས་སྣ་མང་དང་སྟབས་བདེ་རུ་ཕྱིན་ཡོད།

    ན་ནིང་ཟླ་12པར། ང་རང་ནག་ཆུའི་སྐོར་སྲུང་རུ་མི་དང་མཉམ་དུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་བྱང་ཐང་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་དུ་བསྐྱོད་པ་ཡིན། དུས་ཡུན་ཉིན་16དང་ལམ་ཐག་སྤྱི་ལེ་9000ཙམ་བརྒྱུད་ནས་སྐོར་སྲུང་རུ་མི་དང་མཉམ་དུ་བཅར་འདྲིའི་ལས་སུ་ཞུགས་ནས་བྱང་ཐང་སྐོར་སྲུང་གི་ཉིན་ཐོ་12སྤེལ་བ་ཡིན།

    རྒན་རབས་ཚོས་ས་མཐོར་ཐོག་མའི་བསམ་འདུན་བཏོད་པ་དང་། ང་ཚོའི་མི་རབས་ཚོས་རྩོམ་ཡིག་བྲིས་ནས་དུས་རབས་ཀྱི་འགྱུར་ལྡོག་མཚོན་པར་བྱེད་ཀྱི་ཡོད།

    མི་སྣ་ངོ་སྤྲོད།

    དབན་ཅིང་། ལོ་32 བོད་ལྗོངས་ཉིན་རེའི་ཚགས་པར་ནག་ཆུ་གསར་འགོད་པའི་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཡིན་པ་དང་། 2019ལོའི་ཟླ་3པར་རང་འགུལ་ངང་ནག་ཆུར་འགྲོ་བའི་རེ་འདུན་ཞུས་ནས་བོད་བྱང་ཐང་གི་འཐབ་ས་མདུན་མར་ད་བར་ལས་ཀ་བྱས། ཁོང་གིས“སྟོབས་ཤུགས་བཞི”ལག་བསྟར་གཏིང་ཟབ་བྱས་ཏེ་འབྲི་ཆུའི་ཆུ་འགོར་སྐྱེ་ཁམས་སྐོར་གྱི་གསར་འགྱུར་གཏོང་སྤེལ་བྱེད་པར་ཐེངས་གསུམ་བསྐྱོད་པ་དང་། བོད་བྱང་ཐང་དུ་གོམ་པ་རེ་རེ་བཞིན་སྤོས་ཏེ་ཐོག་མའི་བསམ་འདུན་གྱི་དད་སེམས་བརྟན་པོར་བརྟེན་ནས་དུས་རབས་ཀྱི་ལེའུ་བརྩམས་དང་རྩོམ་བཞིན་ཡོད།

    ཧན་མན། མི་ཚེ་གང་པོར་ཚགས་པར་བ་ཡིན་པ་བློ་ལ་བཅངས།

    1988ལོའི་ཟླ་7པར། ངས་གསར་འགྱུར་ལས་ལ་གཞོལ་བའི་ཕུགས་བསམ་བཅངས་ནས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ལས་ཀ་བྱེད་འགོ་ཚུགས་པ་ཡིན། སྐབས་དེ་དུས་ཀྱི་ཚགས་པར་ལས་ཁུངས་ད་དུང“ཞ་ཉེ་དང་མེ”ཡི་པར་འདེབས་ལོ་རབས་སུ་གནས་འདུག སྣག་ཚ་དང་ཞ་ཉེའི་དྲི་མ་དང་འཕྲུལ་འཁོར་འཁོར་སྐྱོད་ཀྱི་སྒྲ་ནི་ཚགས་པར་ལས་ཁུངས་ཀྱིས་ངར་བཞག་པའི་བབ་ཆགས་ཟབ་ཤོས་དེ་ཡིན། པར་འདེབས་སྒྲིག་ཆས་རྙིང་པ་དེ་དག་མཐོང་རིམ་བཞིན་གཞོན་ནུའི་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་ཡིད་ལ་ལྷང་ལྷང་དྲན་ནས་མྱོང་ཚོར་ཟབ་མོ་ཡོང་གི་འདུག

    དགོང་མོའི་ཆུ་ཚོད་བཅུ་པ་ནི་རྩོམ་སྒྲིག་པ་བྲེལ་བ་ཆེ་སྒང་རེད། ང་ཚོས་པར་ངོས་ཀྱི་འཆར་འགོད་དང་མ་ཡིག་ཁྱེར་ནས་པར་སྐྲུན་བཟོ་གྲྭའི་ཕྱོགས་སུ་བསྐྱོད་དེ་བཟོ་པ་རྒན་ལགས་ཚོས་ཡི་གེ་སྒྲུག་པ་དང་པར་ངོས་སྒྲིག་སྐབས་ཞ་ཉེའི་ཡི་གེ་ཕར་ཚུར་བརྡར་བའི་སྒྲ་ནི་ལོ་རབས་དེའི་ཡིད་དབང་འཕྲོག་ཤོས་ཀྱི“གསར་འགྱུར་རོལ་དབྱངས”ཤིག་རེད།

    རྒན་ཡོལ་ཞུས་རྗེས་ངས་སྔར་བཞིན་ཉིན་ལྟར་ལག་ཐོགས་ཁ་པར་དང་བརྙན་འཕྲིན་ནས་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཡར་རྒྱས་འགྲོ་བཞིན་པར་དོ་ཁུར་བྱེད་ཀྱི་ཡོད། ཚགས་པར་ལས་ཁུངས་ཀྱི་མཉམ་འདྲེས་སྨྱན་སྦྱོར་མེད་པ་ནས་ཡོད་པའི་བར་དང་ཉམས་ཞན་ནས་སྟོབས་ཆེར་ཕྱིན་པ་དང་། རྩོམ་ཡིག་མང་པོ་ཞིག་ལ་ཀྲུང་དབྱང་དྲིལ་བསྒྲགས་པུའི་གསར་འགྱུར་ལྟ་ཀློག་དཔྱད་གཏམ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཁས་ལེན་ཐོབ་པ་མཐོང་དུས་ང་དངོས་གནས་སྤོབས་པ་དང་དགའ་ཚོར་ཆེན་པོ་སྐྱེ་གི་འདུག དེ་ནི་ཚགས་པར་བ་མི་རབས་ནས་མི་རབས་བར་གྱིས་རྒྱུན་འཛིན་བྱས་པའི་གྲུབ་འབྲས་ཤིག་རེད་ལ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཕྲག་ཏུ་འཁུར་བའི་དཔང་རྟགས་ཡག་ཤོས་ཤིག་ཀྱང་རེད།

    མི་སྣ་ངོ་སྤྲོད།

    ཧན་མན། ལོ་66 1988ལོའི་ཟླ་7པ་ནས་2020ལོའི་ཟླ་4པའི་བར་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་མཐོ་རིམ་རྩོམ་སྒྲིག་པ་གནང་ཞིང་། ཀྲུང་གོའི་གསར་འགྱུར་བྱ་དགའ་དང་། རྒྱལ་ཡོངས་ཏང་གི་ཚགས་པར་གྱི་གསར་འགྱུར་ལེགས་གྲས་བྱ་དགའ། རྒྱལ་ཡོངས་ཀྱི་རང་སྐྱོང་ལྗོངས་ལྔའི་ཏང་གི་ཚགས་པར་གྱི་གསར་འགྱུར་ལེགས་གྲས་བྱ་དགའ། བོད་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ལེགས་གྲས་བྱ་དགའ་བཅས་ཐེངས་མང་ཐོབ་མྱོང་ཡོད།

    དབྱངས་ཅན། བྲེལ་བ་ཆེ་ཡང་ཐོག་མའི་བསམ་འདུན་མི་བརྗེད་པ།

    རྒན་ཧན་མན་གྱིས་བརྗོད་པའི་ཞ་བསྲེས་པར་སྒྲིག་དང་། ལག་པས་ཐིག་རྒྱག་པ། མཚན་དགུང་དུ་པར་འདེབས་འཁོར་ཁང་སྲུང་བ་བཅས་ཀྱི་ལོ་ཟླ་དག་ངས་པར་རྙིང་པ་ནས་མ་གཏོགས་མཐོང་མྱོང་མེད། ཁོང་གིས་སྐབས་དེའི་ལས་རིམ་རེ་རེ་དང་མཚན་ལས་སྐོར་བརྗོད་རིམ་བཞིན་ངའི་མིག་ལམ་དུ་གློག་སྒྲོན་འོག་མགོ་བོ་སྒུར་ནས་ཞ་ཉེ་སྒྲུག་པའི་རྣམ་པ་མཐོང་བ་ལྟར་སྣང་ཞིང་། ཚགས་པར་གཉེར་བ་ནི་ལས་སླ་པོ་ཞིག་མིན་པ་གཞི་ནས་རྟོགས་བྱུང་ལ། དེར་རྒན་རབས་ཚོའི་བརྟན་སྲུང་དང་རྔུལ་ཆུ་གྲངས་མེད་འདུས་ཡོད་པས་སེམས་ནང་དགའ་གུས་ཚད་མེད་སྐྱེས་བྱུང་།

    2015ལོར་ང་རང་སློབ་ཆེན་ཐོན་ནས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ལས་ཀར་ཞུགས་ཏེ་དངོས་སུ་གསར་འགྱུར་བ་ཞིག་བྱེད་སྐལ་བྱུང་། སྐབས་དེར་སྲོལ་རྒྱུན་གྱི་ཤོག་ཐོག་སྨྱན་སྦྱོར་དེ་མཉམ་འདྲེས་སྨྱན་སྦྱོར་གྱི་ཕྱོགས་སུ་སྒྱུར་བའི་ཐོག་མའི་དུས་སྐབས་ཡིན་ཞིང་། ང་རང་སྐད་འཕྲིན་སྤྱི་རྟགས་གཉེར་སྐྱོང་གི་འགན་འཁུར་ནས“ཀུན་འདུས་སྨྱན་སྦྱོར”གྱི་ལས་ཀ་བྱེད་འགོ་ཚུགས་པ་ཡིན། གློག་ཀླད་དང་ལག་ཐོགས་ཁ་པར་ལ་བརྟེན་ནས་བརྗོད་གཞི་འདེམས་པ་དང་། བཅར་འདྲི་བྱེད་པ། གསར་འགྱུར་རྩོམ་ཡིག་འབྲི་བ། པར་ངོས་སྒྲིག་པ། པར་རིས་འགོད་པ་བཅས་ནས་མཐའ་མར་སྤྱི་རྟགས་ཐོག་གཏོང་བའི་བར་ལས་རིམ་ཧྲིལ་པོ་མྱུར་ལ་ལས་ཕྱོད་ཆེན་པོ་ཡོད།

    རྒན་རབས་ཚོས་སྣག་སྨྱུག་ལ་བརྟེན་ནས་ཐོག་མའི་བསམ་འདུན་སྲུང་བ་དང་ང་ཚོས་ལག་རྩལ་གསར་པར་བརྟེན་ནས་རྒྱུན་འཛིན་བྱེད་ཀྱི་ཡོད། དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་ལག་རྩལ་གསར་བརྗེས་བྱེད་བཞིན་ཡོད་མོད། འོན་ཀྱང་གསར་འགྱུར་བའི་འགན་འཁྲི་འཁུར་སེམས་ནམ་ཡང་འགྱུར་མི་སྲིད།

    མི་སྣ་ངོ་སྤྲོད།

    དབྱངས་ཅན། ལོ་33 2015ལོའི་ཟླ་9པ་ནས་ད་བར་མཉམ་འདྲེས་སྨྱན་སྦྱོར་གྱི་རྩོམ་སྒྲིག་དང་རྩོམ་ཞིབ་ཁྱབ་ཁོངས་སུ་ལས་ཀ་བྱེད་ཀྱི་ཡོད། མིག་སྔར་བོད་ལྗོངས་ཉིན་རེའི་ཚགས་པར་སྐད་འཕྲིན་སྤྱི་རྟགས་དང་། དཔོད་ཕྲན། དེབ་དམར་དཔོད་ཆུང་བཅས་ཀྱི་རྩོམ་སྒྲིག་ཞིབ་མཆན་གྱི་འགན་འཁུར་བཞིན་ཡོད།

    ཕུར་བུ་ཚེ་རིང་། ཞ་ཉེའི་ལག་རྩལ་ནས་འོད་འགྱེད་ལག་རྩལ་བར།

    ཞ་ཉེའི་པར་འདེབས་ནས་སྤྱིན་ཤོག་པར་འདེབས་བར། 1987ལོར་ང་རང་པར་སྒྲིག་འཁོར་ཁང་ནང་གི་དགེ་ཕྲུག་ཅིག་ཡིན། སྐབས་དེ་དུས་ཞ་ཉེའི་པར་འདེབས་ཀྱི་ཡོད། 1988ལོར་ལག་རྩལ་གསར་སྒྱུར་གྱི་མ་དངུལ་འབྱོར་བས། ལོ་དེའི་ཟླ་12ཚེས་25ཉིན་དངོས་སུ་སྤྱིན་ཤོག་པར་འདེབས་བྱེད་འགོ་ཚུགས།

    ཞ་ཉེའི་པར་སྒྲིག་ནས་འོད་འགྱེད་པར་འདེབས་བར། 1992ལོར་ཚགས་པར་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་སྒོར་ཁྲི་600ལྷག་ཙམ་ཟིན་པའི་འོད་འགྱེད་པར་འདེབས་ལག་རྩལ་རྣམ་གྲངས་བརྩོན་ལེན་བྱས།

    ཀོ་སི་M40ཚོན་པར་འཕྲུལ་འཁོར་ནང་འདྲེན་བྱས་པ།

    2006ལོར་མཚོ་བོད་ལྕགས་ལམ་ལ་མེ་འཁོར་ཤར་གཏོང་ཐུབ་པ་དང་སྦྲགས་ང་ཚོ་ཀོ་སི་M40ཚོན་པར་འཕྲུལ་འཁོར་དབོར་བའི་ཐད་སེམས་ཁྲལ་བྱུང་། པར་འདེབས་སྒྲིག་ཆས་ཧྲང་ཧའེ་ནས་དབོར་ཡོང་གི་ཡོད་པས་བཟོ་གྲྭའི་འགོ་ཁྲིད་དང་ལས་བཟོ་རྣམས་མེ་འཁོར་བབས་ཚུགས་སུ་ཉིན་མཚན་གཉིས་ཏག་ཏག་སྒུག་ནས་བསྡད་པ་ཡིན།

    ཧོན་ཆིའུ་75པར་འདེབས་སྒྲིག་ཆས་ནང་འདྲེན་བྱས་པ།

    རྒན་ཡོལ་མ་ཞུས་གོང་། རང་ཉིད་ཧོན་ཆིའུ་75པར་འདེབས་སྒྲིག་ཆས་ཀྱི་དུས་འགོའི་བརྟག་ཞིབ་ལ་ཞུགས་པ་ཡིན། མ་གཞི་སྐབས་འདིའི་ལས་ཀར་ཐད་ཀར་ཞུགས་མེད་ནའང་ངས་སླད་ཕྱིན་པར་འདེབས་ལག་རྩལ་འདི་ཉིད་ཀྱིས་ས་མཐོའི་གསར་འགྱུར་གསར་ཤོས་འདོན་ཐུབ་ངེས་ཡིན་པའི་ཡིད་ཆེས་དེ་དུས་ནས་ཡོད།

    མི་སྣ་ངོ་སྤྲོད།

    ཕུར་བུ་ཚེ་རིང་། བོད་ལྗོངས་ཉིན་རེའི་ཚགས་པར་པར་འདེབས་བཟོ་གྲྭར་ལས་ཀ་བྱས་ནས་ལོ་38ཏག་ཏག་ཕྱིན་ཡོད། 1978ལོར་བཟོ་གྲྭར་ཡོང་བ་དང་2016ལོར་རྒན་ཡོལ་ཞུས། ཁོང་གིས་པར་འདེབས་ལག་རྩལ་གྱི་མཆོང་སྐྱོད་ལྟ་བུའི་འཕོ་འགྱུར་ཐེངས་བཞི་མིག་མཐོང་ལག་ཟིན་བྱུང་ཡོད། འཕོ་འགྱུར་དེ་དག་ནི་ལག་རྩལ་གྱི་ཡར་རྒྱས་ཙམ་ཞིག་མ་ཡིན་པར། མི་རབས་ནས་མི་རབས་བར་གྱི་ས་མཐོའི་ཚགས་པར་བས་གངས་ལྗོངས་ས་མཐོར་བརྟན་སྲུང་དང་སྒོ་དབྱེ་གསར་གཏོད་བྱས་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།

    ཝང་ལེ། སྣག་ཚའི་དྲི་དང་འགྲོགས་ནས་མཚན་མོའི་ལས་གནས་བརྟན་སྲུང་བྱེད།

    དགོང་མོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀར། འཕྲུལ་ཆས་ཀྱི་སྒྲ་འུར་འུར་དུ་གྲགས་པ་དང་བསྟུན་ནས་ངའི་ཉིན་གཅིག་གི་ལས་འགོ་ཚུགས། ངའི་ལས་འགན་གཙོ་བོ་ནི་སྒྲིག་ཆས་ཀྱི་དཔྱད་གྲངས་སྒྲིག་པ་དང་པར་འདེབས་ཀྱི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་རྒྱུ་དེ་ཡིན། སྒྲིག་ཆས་གང་ལ་སྐྱོན་ཤོར་ན་ང་ཚོས་རེ་རེ་བཞིན་ཞིབ་བཤེར་བྱེད་པ་དང་། སྐབས་རེ་སྐྱོན་མི་རྙེད་པར་ཞིབ་བཤེར་ལ་དུས་ཚོད་གང་ཙམ་སྤྱད་ཡང་གཅུས་གཟེར་ཆུང་ཆུང་ཞིག་ལྷུག་ཏུ་སོང་བ་མ་གཏོཌ ་སྐྱོན་གཞན་ཆེན་པོ་མེད། ཉིན་ལྟར་སྒྲིག་ཆས་མི་འདྲ་བར་ཉམས་བཟོ་བྱེད་པར་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཆེན་པོ་འདུག

    ད་ཆའི་པར་འདེབས་འཁོར་ཁང་དུ་རིམ་པ་མཐོ་བའི་རིག་ནུས་ཅན་གྱི་སྒྲིག་ཆས་བསྒར་བ་དང་། ཀོ་སི་U75ཧོན་ཆིའུ་རང་སྒུལ་འཕྲུལ་ཆས་འཁོར་རྒྱུག་བརྟན་ལ་ལས་ཕྱོད་ཆེ་བས་ཆུ་ཚོད་རེར་ཚགས་པར་ཁྲི་བདུན་ཡས་མས་པར་འདེབས་ཐུབ་པ་དང་། གྲངས་འཛིན་ཚོད་འཛིན་མ་ལག་གནད་འཕིགས་སྟབས་བདེ་ཡོད་པས། དེ་སྔའི་རྙོག་འཛིང་ཆེ་བའི་བཀོད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ཡོད། ད་ཆ་རིག་ནུས་ཞིབ་དཔྱད་ཚད་ལེན་མ་ལག་ནས་དུས་ཐོག་ལ་ལྟ་འདོམས་ཐུབ་པས་ནོར་འཁྲུལ་ཐོན་ཉུང་དུ་ཆེས་ཆེར་ཕྱིན་པ་མ་ཟད། ང་ཚོའི་ལས་ཀའི་ཁུར་པོའང་ཡང་དུ་ཕྱིན་ཡོད།

    ངས་བལྟས་ན། སླད་ཕྱིན་པར་འདེབས་ལས་ཀ་འདི་གཞི་གཅིག་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་ངེས་རེད། སྐབས་དེ་དུས་གློག་ཀླད་སྤྱད་དེ་སྒྲིག་འགོད་བྱས་ནས་མཐེབ་གཅིག་མནན་ན་པར་གཞི་བཟོ་བ་དང་། པར་འདེབས་པ། དྲས་གཅོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་སྔར་བས་སྟབས་བདེ་རུ་འགྲོ་ངེས་ཡིན་པས། བློ་བདེ་ལ་ལས་ཕྱོད་ཀྱང་ཆེན་པོ་ཡོང་བཟོ་རེད།

    མི་སྣ་ངོ་སྤྲོད།

    ཝང་ལེ། ལོ་37 བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་པར་འདེབས་ལྟེ་གནས་ཀྱི་པར་འདེབས་ལག་རྩལ་པ་ཞིག་རེད། 2011ལོར་དམག་ཁོངས་ནས་ཕྱིར་ལོག་བྱས་རྗེས་ཁོང་གིས་པར་འདེབས་ཀྱི་འཐབ་ས་དང་པོར་ལས་ཀ་བྱས་ནས་ལོ་15ཟིན་གྱི་ཡོད། དང་ཐོག་རྨང་གཞི་གང་ཡང་མེད་པ་ཞིག་ནས་ད་ཆ་བྱང་ཆུབ་པའི་ལག་རྩལ་རྐང་འཛིན་པ་ཞིག་ཏུ་གྱུར་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་བྱས་ནས་འགན་འཁྲི་འཁུར་སེམས་མཚོན་པར་བྱེད་ཀྱི་ཡོད།

    རྣམ་རྒྱལ་སྒྲོལ་དཀར། བོད་ཡིག་ཚགས་པར་ལས་ལ་བློ་རྩེ་གཅིག་ཏུ་གཞོལ།

    བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ལས་ཀ་བྱས་པའི་ལོ་ངོ་26ལ་ཕྱིར་ལྟ་བྱེད་སྐབས། བློ་སྟོབས་ཆེར་སྐྱེད་ཀྱི་གཞོན་སྐྱེས་ཤིག་ནས་སྒམ་བརླིང་གི་དར་མའི་བར། ངའི་མི་ཚེ་སྔ་ས་ནས་བོད་ཡིག་གསར་འགྱུར་བྱ་གཞག་དང་དམ་པོར་འབྲེལ་ཡོད།

    ཐོག་མར་ཚགས་པར་ལས་ཁུངས་སུ་ལས་ཀར་ཞུགས་སྐབས། གཞུང་ལས་ཁང་གི་ཆ་རྐྱེན་ཧ་ཅང་ཞན་པ་དང་། ཤོག་བུ་དང་སྨྱུ་གུ་ནི་ང་ཚོའི་ལག་ཆ་ཡག་ཤོས་ཡིན། དཔྱད་གཞིའི་ཡིག་རིགས་སྣ་ཚོགས་ད་ལྟ་ནང་བཞིན་ཕུན་སུམ་ཚོགས་པོ་མེད་པས། རྩོམ་ཡིག་འབྲི་བ་དང་། ཡིག་སྒྱུར། རྩོམ་སྒྲིག པར་ཐིག་རྒྱག་པ་བཅས་ཀྱི་ལྷུ་ཚིགས་ཚང་མ་མི་ཐབས་ལ་བརྟེན་ནས་བཟོ་བཅོས་ཡང་ཡང་རྒྱག་དགོས་པ་ལས་ཐབས་གཞན་གང་ཡང་མེད།

    དུས་རབས་འཕེལ་རྒྱས་ཕྱིན་པ་དང་སྦྲགས་ཚགས་པར་ལས་ཁུངས་ལའང་འགྱུར་ལྡོག་གསར་པ་བྱུང་ནས་རིམ་བཞིན་གློག་ཀླད་སྤྱོད་པ་དང་ཆེད་ལས་ཀྱི་བོད་ཡིག་ཕབ་འཇུག་བྱེད་ཐབས་བཀོད་སྒྲིག་བྱས་ཏེ“ཞ་ཉེ་དང་མེ”ནས“འོད་དང་གློག”གི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པས། བརྒྱུད་རིམ་ཧྲིལ་པོར་ང་ལ་མྱོང་ཚོར་ཟབ་མོ་བྱུང་།

    འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ང་རང་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ལྟ་སྐོར་ལ་བསྐྱོད་པ་ཡིན། བོད་ཡིག་རྩོམ་སྒྲིག་པུས་ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་སྤེལ་བྱེད་ཐབས་བཏོད་དེ་ཚགས་པར་ལས་ཁུངས་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་བསྐྱོད་པ་ངས་མིག་མཐོང་ལག་ཟིན་བྱུང་བས། དགའ་ཚོར་དང་སྤོབས་པ་ཅིག་ཅར་དུ་སྐྱེ་གི་འདུག བོད་ལྗོངས་ཉིན་རེའི་ཚགས་པར་དང་བོད་ཡིག་གསར་འགྱུར་བྱ་གཞག་ལ་བཅངས་པའི་བརྩེ་སེམས་དེ་སྔ་ས་ནས་ངའི་ཁྲག་རྒྱུན་ནང་འདྲེས་ཡོད་པས་ནམ་ཡང་འདོར་ཐབས་བྲལ།

    མི་སྣ་ངོ་སྤྲོད།

    རྣམ་རྒྱལ་སྒྲོལ་དཀར། ལོ་74 མཐོ་རིམ་རྩོམ་སྒྲིག་པ། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་པུའི་ཀྲུའུ་རེན་གཞོན་པའི་འགན་འཁུར་མྱོང་ཡོད། 1981ལོར་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ལས་ཀར་ཞུགས་པ་དང་། 2007ལོར་རྒན་ཡོལ་ཞུས། གསར་འགྱུར་ལས་ཀ་བྱས་ནས་ལོ་20ལྷག་ཙམ་སོང་རིང་། ཁོང་གིས་དུས་ཡུན་རིང་པོར་གསར་འགྱུར་ལས་དོན་པའི་འགན་འཁྲི་བརྟན་པོར་བསྲུངས་བ་དང་ལས་འགན་ལེགས་པར་བསྒྲུབས་ཡོད།

    ཕུན་ཚོགས་ཉི་སྒྲོན། མཉམ་འདྲེས་སྨྱན་སྦྱོར་གྱི་འཐབ་ས་ནས་དྲོ་སྐྱིད་སྦྱིན།

    རྒན་རྣམ་རྒྱལ་སྒྲོལ་དཀར་གྱི་སྐད་ཆ་ནན་ཏན་ངང་ཉན་བཞིན་གསར་འགྱུར་པ་རྒན་རབས་ཚོའི་འབད་འཐབ་ཀྱི་ལོ་ཟླར་ཕྱིར་མིག་ལྟ་སྐབས་ཁོང་ཚོས་ས་མཐོར་གཞིས་ཚུགས་པ་དང་བོད་ཡིག་གསར་འགྱུར་བྱ་གཞག་གི་ལས་གནས་བརྟན་སྲུང་བྱས་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་སེམས་ཟབ་མོ་ཚོར་བ་མ་ཟད། དེའི་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་ཤིག་ཀྱང་སྐྱེས་བྱུང་།

    དེང་གི་ང་ཚོ་སྨྱན་སྦྱོར་གསར་པའི་དུས་རབས་སུ་གནས་པས་རིག་ནུས་བཅར་འདྲི་རྩོམ་སྒྲིག་དང་། རིག་ནུས་ཡིག་སྒྱུར། གྲངས་འཛིན་པར་སྒྲིག་བཅས་བཀོལ་སྤྱོད་རྒྱ་ཁྱབ་བྱས་ནས་སྲོལ་རྒྱུན་གྱི་ཤོག་ཐོག་སྨྱན་སྦྱོར་ནས་ཀུན་འདུས་སྨྱན་སྦྱོར་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

    ཏང་གི་གསུང་སྒྲ་དེ་བས་ལེགས་པའི་ངང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱ་ཆེད། ང་ཚོས་སྲོལ་རྒྱུན་གྱི་དོན་བརྗོད་རྩོམ་ཡིག་རིང་པོ་དོར་ནས་སྲིད་ཇུས་ཀྱི་ནང་དོན་དག་གོ་བདེ་ཤེས་སླའི་པར་རིས་གསལ་འགྲེལ་དང་གསར་འགྱུར་ཐུང་ངུ་ནས་མཚོན་པར་བྱས་པ་དང་། བརྙན་ཐུང་གསར་རྩོམ་ཁྲོད་ཀྱི་དེ་སྔའི་ཆེད་སྤྱོད་ཚིག་སྦྱོར་དོར་ཏེ་བོད་སྐད་ཐོག་ནས་ས་མཐོའི་མི་ཚང་གི་གཏམ་རྒྱུད་བརྗོད་པ། སེམས་རྣལ་དུ་ཕབ་ནས་ཀློག་པ་པོའི་ལན་འཇོག་རེ་རེར་ལན་བཏབ་སྟེ་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་བཏང་ཡོད།

    གསར་འགྱུར་ནི་མི་དང་མིའི་དབར་ལ་དྲོ་སྐྱིད་སྦྱིན་མཁན་ཞིག་རེད། ངས་དྲོ་སྐྱིད་དེ་བརྒྱུད་སྤེལ་བྱས་ནས་སེམས་རྣལ་དུ་ཕབ་སྟེ་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ཀྱི་ཡིན།

    མི་སྣ་ངོ་སྤྲོད།

    ཕུན་ཚོགས་ཉི་སྒྲོན། ལོ་30 བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་ན་གཞོན་རྩོམ་སྒྲིག་པ་ཞིག་རེད། 2019ལོར་ལས་ཀར་ཞུགས་པ་ནས་ད་བར་སྲོལ་རྒྱུན་གྱི་ཚགས་པར་པར་ངོས་རྩོམ་སྒྲིག་ནས་འགོ་བརྩམས་ཏེ་རིམ་བཞིན་སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་འཐབ་ས་དང་པོར་ཞུགས་ཤིང་། ཁོང་གིས་གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དེ། ན་གཞོན་གསར་འགྱུར་ལས་དོན་པའི་འགན་འཁྲི་དང་ལས་འགན་ལག་ལེན་ཏན་ཏིག་བསྟར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།