ཕྱི་འབྲེལ་པུས་བརྗོད་དོན།
དམག་རྒྱལ་རིང་ལུགས་རོ་ལངས་རྒྱག་རྒྱུ་གཏན་འགོག་བྱེད་པ་ནི་རི་པིན་གྱིས་ཁུར་དགོས་ངེས་ཀྱི་འོས་འགན་ཞིག་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་རི་པིན་གྱིས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་གནས་ཚུལ་དེར་རི་པིན་གྱི་རྒྱལ་ནང་དང་། ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ནང་དོགས་འདྲི་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དམག་རྒྱལ་རིང་ལུགས་རོ་ལངས་རྒྱག་རྒྱུ་གཏན་འགོག་བྱེད་པ་ནི་རི་པིན་གྱིས་ཁུར་དགོས་ངེས་ཀྱི་འོས་འགན་ཞིག་ཡིན་ལ། ཀྲུང་གོ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཤིག་ཀྱང་ཡིན་ཞེས་བརྗོད་པ་རེད།
དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་རི་པིན་གྱི་དམངས་ཚོགས་ཁྲི་3.6ཚེས་19ཉིན་གྱི་ཕྱི་དྲོར་རི་པིན་རྒྱལ་ཚོགས་ཀྱི་མཐའ་འཁོར་དུ་འཛོམས་ཏེ་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་ཀའོ་ཧྲི་ཙའོ་མེའོ་སྲིད་གཞུང་གི་རེ་ངན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། རྒོལ་གཏམ་གཏོང་མཁན་ཚོས་ལག་ཏུ“དམག་འཁྲུག་ལ་ངོ་རྒོལ”དང་། “རྩ་ཁྲིམས་ཀྱི་དོན་ཚན་དགུ་པར་གཏོར་བཤིག་གཏོང་མི་རུང” “ཀའོ་ཧྲི་སྲིད་སྟེགས་ནས་མར་ཕོབ”སོགས་ཀྱི་སྦྱར་ཡིག་འཁྱེར་ནས་ཞི་བདེའི་རྩ་ཁྲིམས་ལ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
ཀུའོ་ཅ་ཁུན་གྱིས་བརྗོད་དོན། རི་པིན་གྱི་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་གནས་ཚུལ་དེར་རི་པིན་གྱི་རྒྱལ་ནང་དང་། ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ནང་དོགས་འདྲི་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ང་ཚོས་དོ་སྣང་བྱུང་། རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ལ་གདུག་རྩུབ་ཆེ་བའི་ཉེས་པ་གསོག་མྱོང་ལ་རི་པིན་མི་དམངས་ལའང་གོད་ཆག་ཚབས་ཆེན་བཟོས་ཡོད། དེར་བརྟེན་རི་པིན་གྱི་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་གནད་དོན་དེ་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་རི་པིན་གྱི་འགྲོ་ཕྱོགས་དང་འབྲེལ་བ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་རི་པིན་ཕྱོགས་ཀྱིས་ད་བར་བཙན་འཛུལ་གྱི་ལོ་རྒྱུས་ལ་བསམ་ཞིབ་དཔྱིས་ཕྱིན་པ་བྱེད་ཐུབ་མེད་པ་དང་། ཕྱོགས་གཏོགས་ཁག་གཅིག་གིས་བཙན་འཛུལ་གྱི་ནག་ཉེས་ལ་ད་དུང་མཛེས་བཟོ་དང་དག་སེལ་བྱེད་པའི་རེ་སྟོང་འཆང་བ་དང་རི་པིན“བསྐྱར་དུ་དམག་དོན་ཅན”ལ་མགྱོགས་མྱུར་འགྱུར་བར་སྐུལ་འདེད་བཏང་སྟེ། “དམག་རྒྱལ་རིང་ལུགས་གསར་པའི”ཕྱོགས་གཏོགས་སྒྲུབ་པའི་ཉེན་ཁ་ཐོན་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་འཇིགས་སྐུལ་བཟོས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་དོགས་ཟོན་ཆེན་པོ་བྱེད་དགོས་ངེས་རེད།
“དམག་རྒྱལ་རིང་ལུགས་རོ་ལངས་རྒྱག་རྒྱུ་གཏན་འགོག་བྱེད་པ་ནི་རི་པིན་གྱིས་ཁུར་དགོས་ངེས་ཀྱི་འོས་འགན་ཞིག་ཡིན་ལ། ཀྲུང་གོ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཤིག་ཀྱང་ཡིན། ང་ཚོས་རི་པིན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་བསླབ་བྱ་བསྡུ་ལེན་དང་རྒྱལ་སྤྱིའི་འོས་འགན་ནན་པོ་ཁུར་ནས་ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན”ཞེས་ཀུའོ་ཅ་ཁུན་གྱིས་བརྗོད།
འབྲེལ་ཡོད་གསར་འགྱུར།