2026ལོའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཐའ་མཚམས་ཡུལ་མིའི་མཉམ་སྤྲོ་ཆེན་པོའི་རིམ་སྤེལ་བྱེད་སྒོ་ཀོང་ཤིས་སུ་སྤེལ་བ།
ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་17དང་18ཉིན། 2026ལོའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཐའ་མཚམས་ཡུལ་མིའི་མཉམ་སྤྲོའི་རིམ་སྤེལ་བྱེད་སྒོ་ཀོང་ཤིས་སུ་གཉེར་ཞིང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ནན་ཉིང་དུ་གཉེར་བའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་དང་། ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་པུའུ་ཨུད་དང་ས་གནས་སྲིད་གཞུང་གི་འགན་འཁུར་བ་དང་། མཐའ་མཚམས་ཡུལ་མིའི་འཐུས་མི། གཞོན་ནུའི་འཐུས་མི་སོགས་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་2000ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
མཉམ་སྤྲོ་ཆེན་པོའི་བྱེད་སྒོ་སྤེལ་རིང་། ད་དུང་ཁྲུང་ཙུའོ་གྲོང་ཁྱེར་ཏ་ཤིན་རྫོང་དུ་མཐའ་མཚམས་ཡུལ་མིའི་མཛའ་གྲོགས་སྤེལ་རེས་ཚོགས་འདུ་དང་མཉམ་སྤྲོའི་དགོང་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ཡུལ་མིའི་འཐུས་མིས་ཀྲུང་ཝེའི་འགག་སྒོ་འཛུགས་སྐྲུན་དང་། མི་ཐབས་རིག་ནུས་བེད་སྤྱོད། རྒྱལ་སྒྲོལ་ཡུལ་སྐོར་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་སོགས་ཀྱི་གྲོས་དོན་ཐད་སྤེལ་རེས་ཟབ་མོ་བྱས་པ་རེད། མཉམ་སྤྲོའི་དགོང་ཚོགས་ཐོག་ཀྲུང་ཝེའི་སྒྱུ་རྩལ་མཁས་ཅན་གྱིས་རྒྱལ་ཁབ་གཉིས་པོའི་ཁྱད་ལྡན་རིག་རྩལ་ལེ་ཚན་མཉམ་དུ་འཁྲབ་སྟོན་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་མཐའ་མཚམས་མི་སེར་མཉམ་འཛོམས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་མཉམ་དུ་དམངས་སྲོལ་རིག་གནས་ལ་ཉམས་ལེན་བྱས་ཏེ། ཀོང་ཤིས་ཀྱི“གསུམ་པའི་ཚེས་གསུམ”གྱི་སྲོལ་རྒྱུན་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད། བྱེད་སྒོ་དེ《ཝེ་ཐེ་ནམ་དང་ཀྲུང་གོ》ཞེས་པའི་མི་སྟོང་གི་མཉམ་གཞས་ཀྱི་དབྱངས་རྟའི་ཁྲོད་མཇུག་འགྲིལ་བ་རེད།
ད་ཐེངས་ཀྱི་མཉམ་སྤྲོའི་བྱེད་སྒོ་དེ་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས། ཝེ་ཐེ་ནམ་མཛའ་གྲོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།