བགྲང་བྱ་བདུན་ཅུའི་རླབས་ཆེན་འཕོ་འགྱུར་མཚོན་པའི་ལོ་རྒྱུས་ལམ་བུ།
1956ལོའི་ཟླ་4ཚེས་22ཉིན་བོད་ཡིག་དང་རྒྱ་ཡིག་གི《བོད་ལྗོངས་ཉིན་རེའི་ཚགས་པར》དངོས་སུ་བཏོན་ཏེ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དང་དུས་མཉམ་ཏུ་དབུ་བརྙེས་ཤིང་། དང་ཐོག་མའི་ཚགས་པར་གཅིག་ནས་ད་ལྟའི་ཀུན་འདུས་སྨྱན་སྦྱོར་གྱི་དཔུང་ཁག་བར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། བོད་ལྗོངས་ཉིན་རེའི་ཚགས་པར་དཀའ་སྡུག་གི་ལམ་བུ་མང་པོ་བརྒྱུད་དེ་འབད་འབུངས་མདུན་སྐྱོད་བྱས་དང་བྱེད་བཞིན་པ་ལས། བོད་ཀྱི་གསར་འགྱུར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་འབྱུང་རིམ་ལ་བདེན་དཔང་བྱས་ཡོད་ལ། གངས་ལྗོངས་ཀྱི་འཕོ་འགྱུར་ཆེན་པོ་ཟིན་ཐོར་ཡང་བཀོད་ཡོད། དེ་རིང་ང་ཚོས་མཉམ་དུ་ཚགས་པར་བཏོན་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། དེ་ནི་འདས་ཟིན་པའི་ལམ་བུར་ཕྱིར་དྲན་བྱེད་པ་ཞིག་ཡིན་ལ། མ་འོངས་པར་མུ་མཐུད་མདུན་སྐྱོད་བྱེད་པ་ཞིག་ཀྱང་དེ་བས་ཡིན་པས། བྱ་གཞག་འདིར་དགའ་ཞེན་དང་དེ་རྒྱུན་འཛིན་ཡག་པོ་བྱེད་རྒྱུ་ནི་ནམ་ཡང་བརྗེད་མི་རུང་བ་ཞིག་རེད་ལ། སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་དགོས་པ་ཞིག་དེ་བས་ཀྱང་རེད།
ལོ་ངོ་70ཡི་རིང་འབད་འབུངས་མདུན་སྐྱོད་བྱས་པ། ང་ཚོས་སྨྱན་སྦྱོར་གྱི་འགན་འཁྲི་འཁུར་བ་དང་གསར་འགྱུར་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་ལ་འབད་བཞིན་ཡོད། མི་རབས་ནས་མི་རབས་བར་གྱི་ས་མཐོའི་ཚགས་པར་གཉེར་མཁན་གྱིས་བྱ་གཞག་དེར་ལྷག་བསམ་རྣམ་དག་དང་ས་མཐོར་དགའ་ཞེན་ཆེན་པོ་འཆང་བཞིན་དུ“ཚགས་པར་ཆབ་སྲིད་མཁས་པས་གཉེར་བའི”འདུ་ཤེས་མཐའ་སྐྱོང་གིས་ས་མཐོར་གཞི་ཚུགས་པ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལག་ལེན་བསྟར་ཁར། ཏང་གི་ཚགས་པར་གྱི་ལས་འགན་བརྟན་སྲུང་དང་། འཚོལ་ཞིབ་ཁྲོད་མདུན་སྐྱོད། གསར་གཏོད་ཁྲོད་འཕེལ་རྒྱས་བཅས་ཡོང་བར་བྱས་ཡོད། གལ་ཆེའི་གསར་འགྱུར་དྲིལ་བསྒྲགས་ཀྱི་དམག་འཐབ་རྒྱག་རིམ་བཞིན་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་། རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། ཁ་གཏད་བོད་སྐྱོར་ལ་དམིགས་པ། “ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་གཏོང་སྤེལ་བྱས་པའི་གསར་འགྱུར་ཚང་མར་དྲོད་ཚད་དང་། སྟོབས་ཤུགས། ས་མཐོའི་བརྩེ་སེམས་བཅས་ལྡན་པར་བྱས་ཡོད། རྩོམ་ཡིག་རེ་རེ་དང་པར་ངོས་རེ་རེ་ལས་ཚགས་པར་གཉེར་མཁན་གྱི་འགན་འཁྲི་འཁུར་སེམས་མཚོན་གྱི་ཡོད་ལ། ས་གཞི་འདིར་བཅངས་པའི་དགའ་ཞེན་དང་མི་དམངས་ལ་བཅངས་པའི་བརྩེ་བ་ཡང་མཚོན་པས། རྒྱ་ཆེའི་ཀློག་པ་པོའི་ཡིད་ཆེས་དང་དགའ་བསུ་ཐོབ་སྟེ། བོད་ལྗོངས་ཉིན་རེའི་ཚགས་པར་འདི་ཉིད་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་གཙོ་རྒྱུན་སྨྱན་སྦྱོར་ཞིག་ཏུ་གྱུར་ཡོད།
ལོ་ངོ་70ཡི་རིང་གཅིག་རྒྱུན་གཅིག་འཛིན་བྱས་པ། ང་ཚོས་ཐོག་མཐའ་བར་གསུམ་དུ་གསར་གཏོད་བྱེད་ཕོད་པར་བྱས་ཏེ། ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པར་བྱས་ཡོད། དུས་རབས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་སྨྱན་སྦྱོར་ལའང་འཕོ་འགྱུར་འགྲོ་བཞིན་ཡོད་སྟབས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་ང་ཚོས་རང་འགུལ་ངང་འགྱུར་ལྡོག་ཤེས་རྟོགས་དང་། བབ་དང་བསྟུན་པ། འཕོ་འགྱུར་ཡོང་རེ་བཅས་བྱས་ཏེ་སྲོལ་རྒྱུན་གྱི་ཚགས་པར་གཉེར་སྟངས་ཁོ་ན་མིན་པར། ནང་དོན་གསར་གཏོད་དང་། རྣམ་པ་གསར་གཏོད། བརྒྱུད་སྤེལ་བྱེད་སྟངས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་བས། ཤོག་ཐོག་སྨྱན་སྦྱོར་ནས་ཀུན་འདུས་སྨྱན་སྦྱོར་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ང་ཚོས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་བརྩམས་ཆོས་རྩེ་གྲ་བཏོད་ནས། གཙོ་རྒྱུན་ལ་དེ་བས་ནང་དོན་ལྡན་པ་དང་དེ་བས་སྟོབས་དང་ལྡན་པར་བྱས་ཡོད། ང་ཚོས་བརྒྱུད་སྤེལ་བྱེད་སྟངས་གསར་གཏོད་དང་བརྒྱུད་སྤེལ་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ནང་དོན་སྤུས་ལེགས་ཀྱིས་མང་ཚོགས་སྔར་བས་མང་པོར་ཕན་པ་ཐོབ་པར་བྱས་པ། ང་ཚོས་ཆེད་ལས་ཀྱི་དཔུང་ཁག་གསོ་སྐྱོང་དང་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བརྡར་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ཚགས་པར་གཉེར་མཁན་དཔུང་ཁག་ཅིག་བཏོད་ནས་ལོ་ཟླའི་ཆུ་རྒྱུན་རིང་མོའི་ནང་ས་མཐོའི་ཚགས་པར་གཉེར་མཁན་གྱི་ཐུན་མོང་མ་ཡིན་པའི་ཤུགས་རྐྱེན་བཟང་པོ་མངོན་པར་བྱས་ཡོད།
ད་ཆ་ང་ཚོ་ལོ་རྒྱུས་ཀྱི་གནས་ཚད་གསར་པར་སླེབས་ཡོད་པ་དང་། དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་པང་ཁ་ནས། རེ་བས་ཁེངས་པའི་རྒྱང་ལམ་གསར་པར་ཕྱོགས་པས། ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་ལ་སེམས་གཏིང་གི་བརྩེ་བ་དེ་བས་ཟབ། ང་ཚོའི“ལྗོན་ཤིང”འདི་ཐོག་མཐའ་བར་གསུམ་དུ་ས་མཐོར་རྩ་བ་ཚུགས་པ་དང་། ཉི་འོད་འོག་འཚར་སྟོབས་རྒྱས་ཏེ་གསར་འགོད་པའི་སྨྱུག་རྩེ་ནས་རྩོམ་ཡིག་བཟང་ལ་རྒྱུན་མི་ཆད་པར་ཐོན་ཏེ་དེང་གི་དུས་བཟང་ལ་བསྟོད་གླུ་ལེན་རྒྱུའི་རེ་བ་ཡོད་ལ། ང་ཚོ་ས་མཐོའི་ཚགས་པར་གཉེར་མཁན་ཚང་མས་དགའ་ཞེན་སྙིང་བཅངས་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། ཡི་གེའི་ལམ་ནས་དྲོ་སྐྱིད་བརྒྱུད་སྤྲོད་དང་། འགན་འཁྲི་འཁུར་སེམས་བཅངས་ནས་བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱང་ལམ་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ངོ་མཚར་ཆེ་བའི་ལེའུ་མུ་མཐུད་རྩོམ་རྒྱུའི་རེ་བའང་ཡོད།
《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ང་ཚོས་གངས་ལྗོངས་ས་མཐོར་དཔུང་པ་མཉམ་གཤིབ་ངང་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཁ་ཆད་གསར་པ་བསྐྱར་དུ་ལག་ལེན་བསྟར་ཏེ་འོད་སྟོང་གསར་པ་སླར་ཡང་གཏོད་རྒྱུའི་རེ་བ་ཡོད།
དུས་བསྟུན་འཕེལ་རྒྱས་ཀྱི་ལམ་བུ།
1951ལོའི་ཟླ་7ཚེས་26ཉིན། དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་སྔོན་སྐྱོད་ཉིང་ལག་རུ་ཁག་གིས་དཔུང་སྐྱོད་བྱེད་པའི་ལམ་བར་དུ《གསར་འགྱུར་མདོར་བསྡུས》(དེ་སྔའི་མིང)གཉེར་བ་རེད།
1953ལོའི་ཟླ་1ཚེས་1ཉིན། བོད་ཡིག་གི《གསར་འགྱུར་མདོར་བསྡུས》བཏོན་པ་རེད།
1956ལོའི་ཟླ་3ཚེས་7ཉིན། བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་བསྐོ་གཞག་བྱས་ནས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་དངོས་སུ་བཙུགས་པ་རེད།
1956ལོའི་ཟླ་4ཚེས་22ཉིན། རྒྱ་ཡིག་དང་བོད་ཡིག་གི《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་པ་དང་། ཉིན་དེ་བོད་ཀྱི་དེང་རབས་གསར་འགྱུར་ཁྱབ་སྤེལ་བྱ་གཞག་གི་མཚོན་རྟགས་རང་བཞིན་གྱི་ཉིན་མོར་གྱུར་པ་རེད།
1964ལོའི་ཟླ་10ཚེས་1ཉིན། ཚགས་པར་ལས་ཁུངས་ཀྱིས་ངོས་ལེབ་འཕྲུལ་འཁོར་སྤྱད་དེ་ཚགས་པར་པར་འདེབས་བྱེད་པ་ནས་སྐོར་རྒྱག་འཕྲུལ་འཁོར་སྤྱད་དེ་ཚགས་པར་པར་འདེབས་བྱེད་པར་བསྒྱུར་བ་རེད།
1965ལོའི་ཟླ་8ཚེས་26ཉིན། མའོ་ཀྲུའུ་ཞིས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འགོ་ཡིག་ཕྱག་བྲིས་གནང་བ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་རྟེན་འབྲེལ་ཚོགས་ཆེན་འཚོགས་པ་རེད།
1965ལོའི་ཟླ་9ཚེས་1ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་རྒྱ་ཡིག་ཚགས་པར་གྱི་འགོ་ཡིག་ལུའུ་ཤུན་གྱི་ཡིག་གཟུགས་ནས་མའོ་ཀྲུའུ་ཞིས་ཕྱག་བྲིས་གནང་བའི་ཚགས་པར་གྱི་འགོ་ཡིག་ལ་དངོས་སུ་བསྒྱུར་བ་མ་ཟད། ད་ལྟའི་བར་མུ་མཐུད་སྤྱོད་བཞིན་ཡོད་པ་རེད།
1979ལོའི་ཟླ་10པར། ཚགས་པར་ལས་ཁུངས་ཀྱི་བོད་ཡིག་ལོ་ཙཱ་བ་ཝང་ཧྲི་ཀྲེན་གྱིས་བོད་ཡིག་ལྕགས་པར་འཕྲུལ་འཁོར་སྒྱུར་བཟོ་ལམ་ལྷོངས་བྱུང་བ་རེད།
1988ལོའི་ཟླ་12ཚེས་25ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་སྤྱིན་ཤོག་ལ་བརྟེན་ནས་ཚགས་པར་པར་འདེབས་བྱེད་འགོ་ཚུགས་པ་རེད།
1999ལོའི་ཟླ་9ཚེས་1ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་གཉེར་བའི་ཡན་ལག་ཚགས་པར་དང་པོ《བོད་ལྗོངས་ཚོང་འཕྲིན》ཚོད་ལྟའི་འགྲེམས་སྤེལ་བྱས་པ་རེད།
2002ལོའི་ཟླ་10ཚེས་2ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་ཤར་གཏོང་བྱས་པ་རེད།
2004ལོའི་ཟླ་10ཚེས་20ཉིན། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གསར་འགྱུར་བཅའ་འདྲི་རྩོམ་སྒྲིག་ཐོག་བརྩེགས་ཁང་ཆེན་བསྐྲུན་ཟིན་ཞིང་། དེ་ནི་གསར་འགྱུར་བཅར་འདྲི་དང་། རྩོམ་སྒྲིག ཞུ་དག པར་སྒྲིག་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ལས་སྒོའི་ཐོག་བརྩེགས་ཁང་ཆེན་ཞིག་རེད།
2007ལོའི་ཟླ་7ཚེས་1ཉིན། རྒྱ་ཡིག་དང་བོད་ཡིག་གི《བོད་ལྗོངས་ཉིན་རེའི་ཚགས་པར》ཚོན་ཁྲ་ཅན་གྱི་པར་འདེབས་བྱེད་འགོ་ཚུགས་པ་རེད།
2007ལོའི་ཟླ་12ཚེས་11ཉིན། རང་སྐྱོང་ལྗོངས་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཞིབ་འཇུག་དང་མོས་མཐུན་བྱས་པ་བརྒྱུད། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་དྲ་རྒྱ་པུའུ(ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ)བཙུགས་པ་རེད།
2012ལོའི་ཟླ་5ཚེས་28ཉིན། 《བོད་ལྗོངས་ལག་ཐོག་ཁ་པར་ཚགས་པར》(རྒྱ་ཡིག་ཚགས་པར)དངོས་སུ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་རེད།
2014ལོའི་ཟླ་7ཚེས་23ཉིན། 《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་སྐད་འཕྲིན་སྤྱི་རྟགས་ཤར་གཏོང་ཐུབ་ནས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་རེད།
2015ལོའི་ཟླ་3ཚེས་4ཉིན། 《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་བོད་ཡིག་སྨྱན་སྦྱོར་གྱི་སྐད་འཕྲིན་སྤྱི་རྟགས་ཤར་གཏོང་ཐུབ་ནས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་རེད།
2020ལོའི་ཟླ་5ཚེས་21ཉིན། པར་གཞི་གསར་པའི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་རྒྱ་སྐད་གཉིས་ཀྱི་སྤྱོད་སྣེ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་རེད།
2024ལོའི་ཟླ་9ཚེས་2ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཕྱི་ཕྱོགས་ཁྱབ་སྤེལ་ལྟེ་གནས་བཙུགས་ཤིང་། “11223344”ཡི་ཕྱོགས་བསྡུས་ཅན་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་མ་ལག་བསྐྲུན་པ་རེད།
འབྲེལ་ཡོད་གསར་འགྱུར།