ཕྱི་ནས་ཉོ་བ་ནས་རང་གིས་བཟོ་བའི་བར་གངས་ལྗོངས་ས་མཐོའི་སྒོང་སྣོད་ཐོན་སྐྱེད་སྒྲུབ་རིམ་དང་པོ་ལྷོ་ཁར་བསྐྲུན་པ།
སྒོང་སྣོད་ཆུང་ཆུང་ལ་བརྟེན་ནས་མང་ཚོགས་ཕྱུག་པོའི་ལམ་དུ་འཁྲིད།
དཔྱིད་དུས་སུ་ཡར་ཀླུང་གི་འཛིན་མའི་ཁྱོན་ཡངས་པོར་ཉི་འོད་རབ་ཏུ་འཚེར་ཞིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་ཟེ་སྟོད་གྲོང་ཚོའི་བཟོ་ཁང་གསར་པ་ཞིག་ནས་འཕྲུལ་ཆས་ཀྱི་སྒྲ་ལྡིར་ལྡིར་དུ་གྲགས་འོངས།
ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོ་བདེ་བླག་གཉེར་བ་དང་ཆབས་ཅིག་བོད་ཀྱི་གཞི་ཁྱོན་ཆེ་བའི་སྒོང་སྣོད་ལས་སྣོན་བྱེད་སའི་ཁེ་ལས་ཐོག་མ་སྟེ། བོད་ལྗོངས་ཡར་ཀླུང་སྒོང་སྣོད་ལས་སྣོན་བཟོ་གྲྭ་དངོས་སུ་ལས་འགོ་ཚུགས་པ་རེད།
སྟོང་ཆ་བསྐངས་ཏེ། ས་མཐོར་རང་ཉིད་ཀྱི་སྒོང་སྣོད་ཐོན་སྐྱེད་བྱེད་ས་བྱུང་བ།
དུས་ཡུན་རིང་པོའི་ནང་སྒོ་ངའི་ཐུམ་སྒྲིལ་ནི་ཕྱི་ཕྱོགས་ནས་ཉོ་དགོས་ཀྱི་ཡོད་པས། བོད་ཀྱི་སྒོ་ངའི་ཐོན་ལས་ཀྱི་སྤུས་རྟགས་བཏོད་ནས་འཕེལ་རྒྱས་གཏོང་བར་གཡོལ་ཐབས་བྲལ་བའི་དཀའ་གནད་ཅིག་ཏུ་གྱུར་ཡོད། ཡིན་ནའང་ད་ཆ་རྣམ་པ་དེར་རྦད་དེ་འགྱུར་ལྡོག་བྱུང་ཡོད།
ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས་གསར་འགོད་པས་ཐོན་སྐྱེད་སྒྲུབ་རིམ་ཚང་མ་རང་འགུལ་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། བཟོ་པས་འགག་རྩའི་དུས་སུ་མ་གཏོགས་ཚོད་འཛིན་བྱེད་དགོས་ཀྱི་མེད་པ་མཐོང་བྱུང་། རྣམ་གྲངས་དེ་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། ཉིན་ལྟར་མང་ཤོས་སུ་སྒོང་སྣོད་ཁྲི་15ཙམ་ཐོན་སྐྱེད་ཐུབ་ནས་ལོ་རེར་སྒོང་སྣོད་ཁྲི་4000ལྷག་ཙམ་ཐོན་སྐྱེད་ཐུབ་ཀྱི་ཡོད་པ་དང་། གཙོ་བོ་སྒོ་ང་30བླུགས་ཐུབ་པའི་སྒོང་སྣོད་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད། ཕོ་བྲང་ཤང་གི་ཤང་ཀྲང་ཀུང་ཞུང་ཁྲའོ་ཡིས་གསར་འགོད་པར། མིག་སྔར། སྒོང་སྣོད་བཟོ་གྲྭས་བོད་ལྗོངས་ཧུང་ནོན་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལོ་རེར་སྒོང་སྣོད་ཁྲི་1500བཟོ་བའི་མངགས་ཐོ་བླངས་ཟིན་པས། ལོར་ཡོང་འབབ་ཁེ་གཙང་མཐོ་ཤོས་སྒོར་ཁྲི་280ཟིན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བར་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད་ཅེས་བཤད། ཐོན་སྐྱེད་བྱེད་པའི་འགོ་ཚུགས་མཛད་སྒོའི་ཐོག་ཀུང་ཞུང་ཁྲའོ་ཡིས་ངོ་སྤྲོད་བྱས་དོན། རྣམ་གྲངས་དེ་2025ལོར་ལས་འགོ་ཚུགས་པ་ནས་བཟུང་། སྣེ་གདོང་ཆུས་གྲོང་སྡོད་གཞུང་ལས་ཁང་དང་ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ཤུགས་ཆེའི་རྒྱབ་སྐྱོར་འོག ཤང་ནང་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་སྒྲིག་ཆས་ཉོ་སྒྲུབ་དང་ས་ཡུལ་དངོས་སུ་རྟོག་ཞིབ་བྱེད་པ་ནས་རྣམ་གྲངས་སྐྲུན་པ་དང་ཐོན་སྐྱེད་བྱེད་པའི་བར་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་350ལྷག་ཙམ་བཏང་བས། གངས་ལྗོངས་ས་མཐོའི་སྒོང་སྣོད་ཐོན་སྐྱེད་སྒྲུབ་རིམ་དང་པོ་དེ་འཆར་འགོད་ནས་དོན་དངོས་སུ་བཟོ་སྐྲུན་བྱེད་བཞིན་ཡོད།
ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་སྟེ། ཡུལ་མི་རྣམས་ཐོན་ལས་ཀྱི་བཟོ་པར་གྱུར་པ།
འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་ཡུལ་མིའི་ཡོང་འབབ་མང་དུ་འགྲོ་བཞིན་ཡོད་པ་རེད།
“འདིར་ལས་ཀར་ཡོང་ན། ཁྱིམ་དང་ཐག་ཉེ་པོ་ཡོད་པས་ནང་མིར་ལྟ་རྟོག་ཡང་བྱེད་ཐུབ་ཀྱི་འདུག”ཅེས་ཟེ་སྟོད་གྲོང་ཚོའི་གྲོང་མི་བསྟན་འཛིན་ཕུན་ཚོགས་ཀྱིས་ཐོན་སྐྱེད་སྒྲུབ་རིམ་འཁོར་སྐྱོད་བྱེད་ཚུལ་ལ་ཞིབ་བཤེར་བྱེད་བཞིན་དུ་བཤད། ཁོང་ནི་ད་ལྟ་སྒོང་སྣོད་ལས་སྣོན་བཟོ་གྲྭའི་འཕྲུལ་ཆས་ཉམས་གསོ་སྲུང་སྐྱོང་གི་ལག་རྩལ་པ་ཞིག་ཡིན་ཞིང་། བོད་ཀྱི་སྒོང་སྣོད་གཞི་ཁྱོན་ཆེན་པོས་ཐོན་སྐྱེད་བྱེད་ས་འབའ་ཞིག་ཡིན་པའི་བཟོ་ཁང་དེ་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་བཞིན་ཡོད།
བསྟན་འཛིན་ཕུན་ཚོགས་ཀྱིས་གསར་འགོད་པར། བཟོ་གྲྭའི་ནང་ལས་ཀར་ཡོང་ན། ལོར་གླ་ཆ་སྒོར་ཁྲི་4ལྷག་ཙམ་འདུག་པས་ཁྱིམ་གྱི་ཡོང་འབབ་ཆེས་ཆེར་མང་དུ་ཕྱིན་སོང་ཞེས་ཡོང་འབབ་ཀྱི་སྐོར་གླེང་སྐབས་འདི་ལྟར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ལྗོངས་ཡར་ཀླུང་སྒོང་སྣོད་ལས་སྣོན་བཟོ་གྲྭས་ས་གནས་དེ་གའི་མང་ཚོགས་10ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ཐོན་སྐྱེད་སྒྲུབ་རིམ་ཐད་ཁོར་ཡུག་སྲུང་སྐྱོང་གི་ཤོག་བུའི་རྒྱུ་ཆ་སྤྱད་དེ་ཤོག་སྙིགས་སླར་ཡང་སྤྱོད་ཐུབ་པ་དེ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་མཐུན་ཡོད་ལ་ས་གནས་དེ་གའི་མང་ཚོགས་ཁྱིམ་གྱི་སྒོ་རྩ་ནས་ཐོན་ལས་བཟོ་པར་འགྱུར་བའི་འགྱུར་ལྡོག་ཀྱང་བྱུང་ཡོད།
བོད་སྐྱོར་གྱིས་མཐུན་རྐྱེན་སྦྱར་ཏེ། ཝུའུ་ཧན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་བྱས་པ།
རྣམ་གྲངས་དོན་འཁྱོལ་བྱུང་བ་དེ་ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ཅིང་། མ་དངུལ་གཏོང་བ་ནས་ལག་རྩལ་མཛུབ་ཁྲིད་བར་དང་ཁྲོམ་རའི་འབྲེལ་མཐུད་ནས་གཉེར་སྐྱོང་རོགས་སྐྱོར་བར་ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པ་དང་སྣེ་གདོང་ཆུས་ཀྱི་གྲོང་སྡོད་གཞུང་ལས་ཁང་གིས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་དམ་པོར་དམིགས་པ་དང་གྲོང་གསེབ་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱེད་པར་དམིགས་ནས། དངོས་དངོས་རྗེན་རྗེན་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
ཕོ་བྲང་ཤང་གིས་ཁྲོམ་རའི་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ནས་རྨང་བརྟན་དམངས་ཕན་གྱི་མ་དངུལ་དང་བོད་སྐྱོར་མ་དངུལ་རག་ཐབས་ཧུར་ཐག་གིས་གནད་སྨིན་ཇུས་བསྟར་དང་དམིགས་གཏད་ཤུགས་འདོན་བྱས་ཏེ། ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་བ་དང་། མཉམ་སྡེབ་ལ་འབབ་འཕར་གཏོད་པ། མང་ཚོགས་ལ་དངོས་ཕན་ཐོབ་པ་བཅས་བྱས་ཡོད།
མཛད་སྒོ་མཇུག་འགྲིལ་རྗེས། ཤང་གི་ལས་བྱེད་པས་ཚང་མའི་སྣེ་ཁྲིད་ནས་ཐོན་སྐྱེད་འཁོར་ཁང་དུ་ཐོན་སྐྱེད་སྒྲུབ་རིམ་གྱི་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་སྦྱོང་བྱེད་པར་ཁྲིད་ཅིང་། ཚང་མས། སྒོང་སྣོད་བཟོ་གྲྭའི་ལས་སྣོན་གྱི་ལས་ཆོད་ཆེ་བ་མ་ཟད། ཁོར་ཡུག་ལ་སྲུང་སྐྱོང་ཡང་ཐུབ་ཀྱི་ཡོད་པས་ས་མཐོའི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཐུན་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཡར་ཀླུང་གཙང་པོའི་ངོགས་ནས་ཐོན་པའི་སྒོང་སྣོད་ཆུང་ཆུང་དེས་ས་མཐོའི་ཐོན་ལས་དར་རྒྱས་ཀྱི་རེ་སྒུག་ཆེན་པོ་ཁྱེར་ནས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རའི་ཕྱོགས་སུ་སྐྱོད་བཞིན་ཡོད་དོ།
འབྲེལ་ཡོད་གསར་འགྱུར།