དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱོད་ཚུལ་བཟང་པོས་རམ་འདེགས་བྱེད། དངོས་སྒྲུབ་དོན་འཁྱོལ་ལེའུ་གསར་བརྩམས།

    —— རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བཅུ་གསུམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-22

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འཕེལ་སྒྱུར་ཁོངས་གཏོགས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བསམ་བློར་བརྟེན་ནས་བྱ་སྤྱོད་ལ་ཁྲིད་སྟོན་དང་དངོས་སྒྲུབ་འགན་འཁྲི་ཁུར་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

    2025ལོར་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་17.2%འཕར་བ་དང་་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་21གིས་མཐོ་བ་ཡོད་པ་དང་། ལྗོངས་ཡོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7.0%འཕར་ནས་སྒོར་དུང་ཕྱུར་3000གི་འགག་སྒོ་ཆེན་པོ་ལས་བརྒལ་ཡོད། 2026ལོའི་དུས་ཚིགས་དང་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་6.1%འཕར་བ་དང་། གཙོ་གནད་རྣམ་གྲངས་ཁག་115ཡི་ནང་ནས་རྣམ་གྲངས་ཁག་107ལས་འགོ་བསྐྱར་འཛུགས་བྱས་པ་ལ་སོགས་མངོན་གསལ་དོད་པའི་གྲངས་གཞི་རབ་དང་རིམ་པ་ནི་ལྗོངས་ཡོངས་ཀྱི་འཕེལ་སྒྱུར་ཁོངས་གཏོགས་ཀྱི་ལས་བྱེད་པས་གོམ་སྟབས་རེ་རེར་བརྟེན་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དངོས་སྒྲུབ་ལ་བརྟེན་ནས་ལྷག་བསམ་རྣམ་དག་མཚོན་པར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།

    བསམ་བློའི་བློ་སྦྱོང་ལ་བརྟེན་ནས་ཁ་ཕྱོགས་ཡང་དག་སྲོང་བ།

    “སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། ཅི་ཞིག་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ”ཞེས་པ་དེ་ནི་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཆབ་སྲིད་སློབ་སྦྱོང་གི་བརྗོད་གཞི་གཙོ་བོ་རེད་ལ་སྤྱོད་ཚུལ་འཛུགས་སྐྱོང་གི་བསམ་བློའི་རྨང་གཞིའང་རེད།

    ཚོགས་ཁང་དུ་སླེབས་སྐབས་ཐོས་བསམ་མྱོང་རྟོགས་དང་། སྤེལ་རེས་བགྲོ་གླེང་། དཔེ་བསྡུར་རིམ་སྤོར་བཅས་ཀྱི་ཚ་རླབས་འཕྱུར་བཞིན་ཡོད་ཅིང་། “གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་ཏང་གི་སློབ་ཚན་ཁྲིད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ། ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་བསམ་བློའི་ཁ་ཕྱོགས་དག་བཅོས་དང་བྱ་སྤྱོད་ཀྱི་གོམ་སྟབས་ལེགས་སྒྲིག་ལ་ཁྲིད་སྟོན་བཅས་བྱས་ཡོད། བཀོད་སྒྲིག་ལ་མཐོང་ཆེན་བྱེད་པ་ནས་དོན་འཁྱོལ་ལ་མཐོང་ཆེན་བྱེད་པའི་ཕྱོགས་སུ་བསྒྱུར་བ་དང་། “ང་ལ་སྒྲུབ་ཏུ་བཅུག་པ”ནས“ངས་སྒྲུབ་ཀྱི་ཡིན”ཞེས་པའི་ཕྱོགས་སུ་བསྒྱུར་ཏེ། ལྗོངས་ཡོངས་ཀྱི་འཕེལ་སྒྱུར་ཁོངས་གཏོགས་སུ་སྤྱོད་ཚུལ་འགྱུར་ལྡོག་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱ་སྤྱོད་ཅིག་སྤེལ་བཞིན་ཡོད།

    བསམ་བློའི་ཐོག་ནས་འགྱུར་ལྡོག་བཏང་ཚེ་བྱ་སྤྱོད་ལ་གཞི་ནས་ཁ་ཕྱོགས་ཡོད་ངེས། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་གི་རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་དེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་ས་མཐོའི་སྨན་བཅོས་ཀྱི་ཞན་ཆ་ཁ་གསབ་བྱེད་པའི་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་4.6བརྩོན་ལེན་ཧུར་ཐག་བྱས་ཏེ་རྣམ་གྲངས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    “ས་མཐོའི་ཨར་ལས་དུས་ཡུན་ཐུང་བའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ང་ཚོས་ཨར་ལས་ཚན་པར་ལས་དུས་ཡག་ཤོས་དམ་འཛིན་བྱ་རྒྱུའི་ལྕག་སྐུལ་བྱས་སྟབས། ད་ལོའི་ཟླ་3ཚེས་15ཉིན་རྣམ་གྲངས་ཁྱོན་ཡོངས་ནས་ལས་འགོ་བསྐྱར་དུ་བཙུགས་པ་དང་2026ལོའི་ལོ་མཇུག་ཏུ་ས་ཕག་ཨར་ལས་ཀྱི་གྲུབ་ཆ་ཧྲིལ་པོར་ཞིབ་བཤེར་རྩིས་ལེན་བྱེད་རྩིས་ཡོད”ཅེས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་སྤྱི་ཚོགས་འཕེལ་རྒྱས་དང་ལས་ཞུགས་ཡོང་འབབ་བགོ་འགྲེམས་ཁྲུའུ་ཡི་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་བསྟན་འཛིན་ཉི་མས་བཤད་པ་དང་ཁོང་གིས“དེ་དང་ཆབས་ཅིག་ང་ཚོས་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་དང་མཉམ་དུ་རྒྱུན་རྣམ་ཅན་གྱི་སྦྲེལ་མཐུད་ལམ་སྲོལ་བཙུགས་ནས་འཛུགས་སྐྲུན་གྱི་ཚད་གཞི་དང་། ཚན་ཁག་བཀོད་སྒྲིག གཉེར་སྐྱོང་། ཤེས་ལྡན་པ། སྨན་བཅོས་འགན་བཅོལ། རྐང་འཛིན་གསོ་སྐྱོང་སོགས་བརྒྱུད་རིམ་ཧྲིལ་པོའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཐོག སྨན་ཁང་གིས་དུས་བཀག་ལྟར་སྤུས་ཚད་མཐོ་བའི་སྨན་བཅོས་བྱེད་འགོ་འཛུགས་རྒྱུའི་འགན་ལེན་བྱ་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།

    ཚོགས་ཁང་ནས་ཞིང་ནང་དང་མུ་ཁ་བར་དང་། སྲིད་ཇུས་ཡིག་ཆ་ནས་འབྲོག་ཁུལ་གྱི་སྦྲ་གུར་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་འཕེལ་སྒྱུར་ཁོངས་གཏོགས་ཀྱི་ལས་བྱེད་པས་རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་། འཆར་འགོད། སྐུལ་འདེད་བཏང་སྟེ་རྒྱང་ལྟའི་རང་བཞིན་དང་། དངོས་ཕན་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ཀྱི་གྲོས་འགོ་བཏོན་པ་དང་། སྡེ་ཚན་དང་། ས་ཁུལ། ལས་རིགས། ཁྱབ་ཁོངས་བཅས་ལས་བརྒལ་བའི་ཕྱོགས་བསྡུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    གཞི་རིམ་དུ་བསྐྱོད་ནས་དཀའ་གནད་བསལ་བ།

    གཞུང་ལས་ཁང་དུ་འཕྲད་པ་ཚང་མ་གནད་དོན་ཡིན་པ་དང་། གཞི་རིམ་དུ་སྐྱོད་སྐབས་མཐོང་ཐུབ་པ་ཚང་མ་ཐབས་ཤེས་རེད།“ལས་ཁུངས་ཀྱི་སྒོ་ར”ནས“གཞི་རིམ་གྱི་འཐབ་ཕྱོགས་དང་པོའི”བར་ནི་ལས་ཡུལ་བརྗེས་པ་ཞིག་ཡིན་པ་མ་ཟད། དཀའ་གནད་སེལ་བའི་ལྡེ་མིག་ཅིག་དེ་བས་ཀྱང་རེད།

    ན་ནིང་ཟླ་1ཚེས་7ཉིན་དིང་རི་རྫོང་དུ་གློ་བུར་དུ་ས་ཡོམ་བརྒྱབ་ཅིང་། ལྗོངས་ཡོངས་ཀྱི་འཕེལ་སྒྱུར་ཨུ་ལྷན་གྱིས་བཀའ་འབྱོར་འཕྲལ་སྒྲུབ་ཀྱིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ནང་ཞུགས་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་ཇུས་གཞི་བཀྲམ་རྗེས། འཕེལ་སྒྱུར་ཨུ་ལྷན་ཁོངས་གཏོགས་ཀྱི་ལས་བྱེད་པ་མུ་མཐུད་གཞི་རིམ་དུ་སྐྱོད་པ་དང་སྔོན་ཚུད་ཞབས་ཞུ་བསྒྲུབས་ཤིང་། ལྷག་པར་དུ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཁྲོད་འཚོ་རྟེན་ལས་སྤྲོད་གསར་གཏོད་ཁྱབ་གདལ་བཏང་བ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཆེད་དངུལ་སྒོར་དུང་ཕྱུར་30.6བརྩོན་ལེན་ཐུབ་པ་དང་གནོད་འཚེ་ཚབས་ཆེན་ཕོག་པའི་མང་ཚོགས་དུད་ཚང་ཁྲི་2ལྷག་ཙམ་གྱི་སྡོད་ཁང་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། འཚོ་རྟེན་ལས་སྤྲོད་བྱས་པ་བརྒྱུད་རིམ་རྩིས་བརྒྱབ་ན་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་11.1ལ་ས་གནས་ས་ཐོག་ཏུ་གླ་པ་རྒྱུག་པར་སྐུལ་ཁྲིད་ཐུབ་ནས་ཐད་ཀར་ངལ་རྩོལ་གླ་ཆ་སྒོར་དུང་ཕྱུར་11.6རག་པ་དང་། འཚོ་རྟེན་ལས་སྤྲོད་ཀྱི“འཚོ་རྟེན”སྲིད་ཇུས་ཀྱི་ཐོག་མའི་བསམ་འདུན་ལག་བསྟར་གནད་སྨིན་ཐུབ་ཡོད།

    གཞི་རིམ་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་ཆེད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དང་། ཁྲུའུ་དང་ཁང་གི་འགན་འཁུར་བས་རྗེས་སྙེག་བྱེད་པ། ཨུ་ལྷན་ཡོངས་ཀྱི་ལས་བྱེད་པ་ཞུགས་པ་བཅས་ཀྱི“གཤམ་སྐྱོད་རྣམ་པའི”ཞབས་ཞུ་སྒྲུབ་སྟངས་གསར་པ་བཏོད་ཡོད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོས་རུ་སྣེ་ཁྲིད་དེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་། ཁྲུའུ་དང་ཁང་གི་འགན་འཁུར་བས་བེད་མེད་དང་ནུས་པ་ཆུང་བའི་བེད་སྤྱོད་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་བསྐྱོད་དེ་ཞིབ་དཔྱད་ཞིབ་ཚགས་ཀྱི་རྣམ་པའི་ཐོག་ནས་འགན་འཁྲི་འཁུར་སེམས་དང་དངོས་ཐོག་བདེན་འཚོལ་གྱི་སྲོལ་བཟང་ཆགས་ཡོད།

    གཞི་རིམ་དུ་སེམས་ནུས་ཡོད་རྒུས་ལས་དོན་བསྒྲུབས་ཤིང་། འཕེལ་སྒྱུར་ལས་བྱེད་པས་གཞི་རིམ་དུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། ལག་གཉིས་ལ་བརྟེན་ནས་དཀའ་གནད་མང་པོ་བསལ་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ས་མཐོའི་ས་གཞི་ཆེན་པོར་ཐོན་པར་བྱས་ཡོད།

    དམངས་འཚོ་རྩ་བར་བཟུང་ནས་དམངས་སེམས་དྲོ་བར་བྱས།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐར་གཏུག་གི་དམིགས་ཡུལ་ནི་མི་དམངས་མང་ཚོགས་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ཇི་འདྲ་ཡོད་མིན་ནི་མཐར་མང་ཚོགས་ཀྱིས་ཤན་འབྱེད་བྱེད་དགོས།

    “དེ་སྔོན་གྲོང་ཚོར་སྦྲག་སྲིད་མ་གཏོགས་མེད་པས། མྱུར་སྐྱེལ་གཞན་དག་ཚང་མ་རྫོང་དུ་སོ་སོས་ལེན་པར་འགྲོ་དགོས་པ་མ་ཟད། སྐབས་འགར་ད་དུང་ཉར་ཚགས་བྱས་གླ་ཡང་སྤྲོད་དགོས་པས་སྟབས་བདེ་པོ་གཏན་ནས་མི་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འཕྲིན་པ་གྲོང་ཚོའི་ཡུལ་མི་བློ་བཟང་དབང་མོས་མགོ་བོ་གཡུག་བཞིན་བཤད་པ་དང་། ད་དུང་ཁོང་གིས“ད་ཆ་གྲོང་ཚོར་མྱུར་སྐྱེལ་དངོས་ཟོག་ལེན་ས་ཡོད་པའི་ཁར་མྱུར་སྐྱེལ་བས་སྒོ་འགྲམ་དུ་སྐྱེལ་གྱི་ཡོད་པས་ག་དུས་ལེན་ལེན་ཡིན་སྟབས་སྔོན་མ་དང་བསྡུར་ནས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བཤད།

    རང་ལྗོངས་ཀྱི་ཟོག་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་ཉམས་ཞན་ཡིན་པ་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། ཁྲོམ་རའི་གཞི་ཁྱོན་ཆུང་བ། འདུས་སྡོད་ཁུལ་ཁ་ཐོར་ཡིན་པ་བཅས་ལས་ཁྲོམ་རའི་སྟོབས་ཤུགས་ཁོ་ནར་བརྟེན་ན་ཟོག་འགྲུལ་གྱི་མ་གནས་ཆུང་དུ་གཏོང་བར་དཀའ།

    གནད་དོན་དེར་དམིགས་ནས་རང་ལྗོངས་ཀྱིས་སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཟོག་འགྲུལ་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། མཐའ་སྣེ་ཤར་གཏོང་བྱེད་པ་བཅས་ཀྱི་ཐབས་གསུམ་མཉམ་སྤྱོད་འཐུས་སྒོ་ཚང་དུ་བཏང་བ་སྟེ། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲུལ་གྱི་མ་གནས་དམའ་རུ་གཏོང་བ་དང་གྲོང་གསེབ་ཀྱི་སྦྲག་བསྐུར་ཟོག་འགྲུལ་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་སོགས་ཀྱི་སྲིད་ཇུས་ཡིག་ཆ་བཀྲམ་ནས་མ་གནས་གཅོག་པའི་འགག་གནད་གནད་སྨིན་བསལ་བ་དང་། གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་འཚོལ་ཞིབ་བྱེད་པ། ཟོག་འགྲུལ་ཁེ་ལས་མཛོད་འཛུགས་པ་དང་འབྲེལ་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་སྦྲེལ་མཐུད་བྱེད་པ། སྒེར་འཁོར་བཏང་ནས་ཕྱིར་ལོག་བྱེད་མཁན་འཁོར་རིགས་ཆུང་གྲས་ཀྱི་ལྕགས་ལམ་སྐྱེལ་འདྲེན་ལས་སྒོ་གསར་པ་གཏོད་པ། ཟོག་འགྲུལ་མ་ལག་གི་མ་གཅོག་ཕན་འཕར་ལ་སྐུལ་འདེད་གཏོང་བ། སྐྱེལ་གླ་ཁ་གསབ་ཀྱི་ཚད་གཞི་ལེགས་སྒྲིག་དང་ཁ་གསབ་བྱེད་ཁྱོན་ཆེ་རུ་གཏོང་བ། “སྦྲག་སྲིད་དང་མྱུར་སྐྱེལ”དང“འགྲིམ་འགྲུལ་དང་སྦྲག་སྲིད”མཉམ་ལས་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཟོག་འགྲུལ་གྱི“མཐའ་མའི་འགག་གནད”བསལ་ཡོད།

    ཟོག་འགྲུལ་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དེས་ཐག་རིང་ལུང་ཁུག་གི་ས་མཐོའི་ཁྱད་ལྡན་ཐོན་ཟོག་དྲ་ཐོག་ནས་ཕྱིར་ཚོང་ཐུབ་ཅིང་། ཉིང་ཁྲིའི་བུ་མོ་བསོད་ནམས་དཔལ་དབྱངས་ཀྱིས་བོད་བྱའི་སྒོ་ང་ཞིག་བརྙན་ཤེལ་མདུན་དུ་བསྟན་ནས“བྱ་ཚང་ནས་ཁྱེད་རང་ལ་འབྱོར་བའི་བར་ཆུ་ཚོད་48ལས་འགོར་གྱི་མེད”ཅེས་བཤད། དྲ་ཐོག་ཚོང་པ་4000ལྷག་ཙམ་གྱིས་ཐད་གཏོང་ཟོག་ཚོང་བྱ་ཐབས་ལ་བརྟེན་ནས་བོད་ཀྱི་ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་བྱེད་པའི་ཐབས་ལམ་གསར་པ་བཏོད་པ་མ་ཟད། ད་དུང་ཡུལ་མི་ཚོའི་ཡོང་འབབ་དངོས་དངོས་རྗེན་རྗེན་གྱིས་མང་དུ་བཏང་ཡོད།

    “རྙོག་དྲ་ཆེ་བའི་བྱ་བ”ནས“མི་སེམས་དྲོ་བའི་བྱ་བའི”བར་འགྱུར་ལྡོག་བྱུང་བ་ནི་ཞབས་འདེགས་ཞུ་སྟངས་འགྱུར་ལྡོག་བྱུང་བ་ཙམ་མིན་པར་དེ་བས་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་ལ་འགྱུར་བ་དེ་རེད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ལས་བྱེད་པས་ལམ་ལུགས་གསར་གཏོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་ཀྱིས་སེམས་ཁྲལ་དང་སུན་སྣང་བྱེད་པའི་བྱ་བ་རེ་རེ་བཞིན་ཐག་གཅོད་བྱས་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པ་ནས་ལྗོངས་ཡོངས་ཀྱི་འཕེལ་སྒྱུར་ཁོངས་གཏོགས་ཀྱིས་དེ་བས་དཔའ་ངར་ཆེར་བསྐྱེད་དང་། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ། དེ་བས་ནུས་ལྡན་གྱི་བྱེད་ཐབས་བཅས་ཀྱི་ཐོག་ནས་ངར་སེམས་ཆེར་བསྐྱེད་དང་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།