བོད་ཀྱི་ས་ཆ་འདི་དག་ལ་ད་དུང་གངས་ཆེན་པོ་འབབ་པ་འདུག
ཟླ་4ཚེས་19ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་མ་འོངས་ཉིན་10(ཟླ་4ཚེས་20ནས་29ཉིན་བར)ཡི་རིང་། རང་ལྗོངས་སུ་གཙོ་བོ་ཚེས་26ནས་29ཉིན་བར་ཆར་ཆུ་འབབ་རྒྱུ་ཡིན་པ་དང་། དེའི་རིང་། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་གངས་སམ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ཡིན་ཞིང་། དེའི་ནང་མེ་ཏོག་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་ས་ཆར་གངས་ཆེན་པོ་འབབ་རྒྱུའམ་ཁ་བ་བུ་ཡུག་འཚུབ་རྒྱུ། དེ་མིན་གྱི་དུས་ཚོད་ལ་ཆར་ཆུ་ཆེན་པོ་དེ་ཙམ་མེད་ལ་འབབ་ཁྱོན་ཡང་ཆུང་། ཚེས་21ནས་23ཉིན་བར་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་5བར་ཆག་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ་ཡིན་པ་རེད།
གནམ་གཤིས་སྟོན་ཚུལ་གཙོ་བོ།
ཚེས་20དང་21ཉིན། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་ཉུང་བ་འཁོར་བ་ནས་གངས་སམ་ཆར་པ་ཆུང་བའམ་གངས་མ་ཆར་འབབ་རྒྱུ་དང་། དེའི་ནང་མེ་ཏོག་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ཏུ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁ་ཤས་སུ་གངས་སམ་ཆར་པ་སིམ་སིམ་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་པ་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། ལྗོངས་ཡོངས་ཀྱི་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་5བར་ཆག་རྒྱུ།
ཚེས་22ནས་25ཉིན་བར། མངའ་རིས་ཀྱི་ལྷོ་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲིའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ཏུ་གནམ་འཐིབས་ནས་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་རིམ་བཞིན་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།
ཚེས་26ནས་29ཉིན་བར། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་གངས་སམ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་ནང་མེ་ཏོག་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་ས་ཆར་གངས་ཆེ་བ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་ཐར་ཐོར་འབབ་རྒྱུ།
དེའི་རིང་། གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། མངའ་རིས་དང་ནག་ཆུའི་ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་5ནས་6བར་རྒྱག་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།