དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

    ​དཀའ་སྡུག་དང་ཚེ་སྲོག་གསར་པ། ཚེ་རིང་བཟང་མོ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-21


    འདི་ནི་ཚེ་རིང་བཟང་མོ་ཡིན་པ།

    འདི་ནི་ཚེ་རིང་བཟང་མོ་དང་ནང་མིའི་མཉམ་པར་ཡིན་པ།

    ད་ལོ་ལོ་88ལ་སླེབས་པའི་བགྲེས་སོང་ཚེ་རིང་བཟང་མོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྫོང་མཁར་གྲོང་ཚོ་ནས་ཡིན་ཞིང་། བློ་བག་ཡངས་པའི་ཁོང་གི་ངོ་གདོང་ལས་རྟག་ཏུ་བྱམས་བརྩེ་ལྡན་པའི་འཛུམ་མདངས་འཕྱུར་བཞིན་ནང་མི་དང་མཉམ་དུ་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བར་རོལ་བཞིན་མཆིས། ཡིན་ནའང་། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཁོང་གི་མི་ཚེར་དཀའ་སྡུག་གིས་ཁེངས་ཡོད།

    ལོ་བརྒྱད་ནས་བཟུང་། ཚེ་རིང་བཟང་མོ“ཁྲལ་པ”ཡིན་པའི་ངོས་ནས་ཞིང་བྲན་བདག་པོར་ཁྲལ་འུ་ལག་རྒྱུག་འགོ་ཚུགས་ཤིང་། ཕྱུགས་འཚོ་བ་དང་། དཔྱིད་ཀ་ས་ཞིང་འདེབས་པ། ལུད་རྒྱག་པ་སོགས་ཆུང་དུས་ནས་དཀའ་སྡུག་ཚད་མེད་མྱངས་ཡོད། ཁྱིམ་དུ་ཕྲུ་གུ་མང་པོ་ཡོད་པ་དང་། ཕ་མར་ཕྲུ་གུ་གསོ་སྐྱོང་བྱེད་པའི་ནུས་པ་མེད་པས། འཚོ་ཐབས་ཀྱི་ཆེད་དུ་ནང་མི་རྒན་གཞོན་ཚང་མ་གང་སར་ལས་ཀ་འཚོལ་བར་འགྲོ་རྒྱུ་ལས་མ་འདས། ཆུང་བྱིས་པའི་དུས་ནས་རྟག་ཏུ་བཀྲེས་ལྟོགས་ཀྱིས་མནར་བ་དང་། ཕྲུ་གུ་ཚོས་རྒྱུན་དུ་གྲོད་པ་སྟོང་པར་ཨ་མ་སྒུག་ནས་སྡོད་ཀྱི་ཡོད། ཨ་མས་ཉིན་གང་ངལ་ལས་བྱས་རྗེས་རག་པའི་རྩམ་པ་དཀར་ཡོལ་ཆུང་ཆུང་དེའི་ནང་ནས་ཕྱེད་ཀ་གྲོན་ཆུང་བྱས་ཏེ་ཁྱེར་ཡོང་ནས་དགོང་མོ་ཁྱིམ་དུ་ལོག་རྗེས་ཕྲུ་གུ་ཚོར་བགོ་བཤའ་བརྒྱབ་ཀྱི་ཡོད། དཀའ་ཚེགས་ཆེ་བའི་འཚོ་བ་དེ་དག་བགྲེས་སོང་གི་སེམས་ནང་ནམ་ཡང་བརྗེད་པར་དཀའ།

    ད་ཆ། བགྲེས་སོང་ལ་འཚོ་བའི་ཁ་གསབ་ལེན་རྒྱུ་ཡོད་པས། ལྟོ་གོས་ཐད་སེམས་ཁྲལ་གང་ཡང་མེད་པ་དང་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་བྱུང་ནས། སྔོན་ཆད་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་པའི་འཚོ་བ་རྦད་དེ་མཇུག་འགྲིལ་ཡོད། བགྲེས་སོང་དེ་བས་དགའ་འོས་པ་ཞིག་ནི་བུ་ཕྲུག་དང་ཚ་བོ་རྣམས་བསྙེན་བཀུར་ཆེ་བ་དང་ཧ་ཉིད་གོ་པོ་ཡོད་པ་དེ་རེད། པར་ཆས་ནང་བགྲེས་སོང་གི་གདོང་ལས་འཛུམ་མདངས་འཕྱུར་བ་དེ་ནི་བདེ་སྐྱིད་ལྡན་པའི་འཚོ་བར་བསྔགས་བརྗོད་ཆེན་པོ་བྱེད་པ་དང་གཉིས་སུ་མ་མཆིས།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།