ཀྲུང་གོའི་བྱིས་པའི་དཔེ་དེབ་པོ་ལུའོ་ཉི་ཡའི་རྒྱལ་སྤྱིའི་བྱིས་པའི་དཔེ་དེབ་འགྲེམས་སྟོན་སྐབས་63པར་བཀྲམ་པ།
ཉེ་ཆར། པོ་ལུའོ་ཉི་ཡའི་རྒྱལ་སྤྱིའི་བྱིས་པའི་དཔེ་དེབ་འགྲེམས་སྟོན་སྐབས་63པ་དབྱི་ཐ་ལིའི་པོ་ལུའོ་ཉི་ཡའི་ཚོགས་འགྲེམས་ལྟེ་གནས་སུ་གཉེར་འགོ་ཚུགས་པ་དང་། ཀྲུང་གོའི་དཔེ་སྐྲུན་ཚན་པས་བྱིས་པའི་དཔེ་དེབ་འབོར་ཆེན་ཞིག་འགྲེམས་སྟོན་ལ་བཀྲམ་པ་རེད།
ཀྲུང་གོ་དཔེ་དེབ་ཕྱིར་གཏོང་ནང་འདྲེན(ཚོགས་པ)ཚད་ཡོད་ཀུང་སིས་རྒྱལ་ནང་གི་དཔེ་སྐྲུན་ཚན་པ་ལས་གྲུབ་པའི་ཀྲུང་གོའི་དཔེ་སྐྲུན་འཐུས་མི་ཚོགས་པ་ཁག་18ཀྱི་སྣེ་ཁྲིད་དེ། “དཔེ་ཀློག་ཀྲུང་གོ”ཞེས་པ་གཅིག་གྱུར་གྱི་ངོ་རྟགས་སུ་བྱས་པའི་བྱིས་པའི་དཔེ་དེབ་སྣ་ཁ་1200ལྷག་ཙམ་བཀྲམ་པ་རེད། 《ཀྲུང་ཧྭའི་གདོང་ལེན་མི་སྣའི་གཏམ་རྒྱུད་ཕྱོགས་བསྡུས》དང་། 《མུའུ་ལན་སྙན་ངག》 《ཡུལ་དུས་ལས་བརྒལ་བའི་པེ་ཅིང་སྲོག་ཆགས་གླིང》སོགས་ཀྱི་བརྩམས་ཆོས་ལ་ཕྱི་རྒྱལ་གྱི་ཀློག་པ་པོ་མང་པོའི་ཡིད་དབང་འཕྲོག་ཡོད་པ་རེད།
ཉིན་དེར། ཀྲུང་གོ་དང་དབྱི་ཐ་ལིས་མཉམ་ལས་གཙོ་གཉེར་བྱས་པའི“ཁྱད་དུ་འཕགས་པའི་སློབ་དཔོན། ཀྲུང་གོ”ཞེས་པའི་དཔྱད་འདེམས་དང་བྱ་དགའ་སྤྲོད་པའི་བྱེད་སྒོ་དང་བར་བཅུག་རི་མོའི་འགྲེམས་སྟོན་སྔ་རྗེས་སུ་སྤེལ་ནས། འཛམ་གླིང་ལ་ཀྲུང་གོའི་ཕུལ་དུ་བྱུང་བའི་བར་བཅུག་རི་མོ་མཁས་ཅན་དང་དེ་བཞིན་དེ་དག་གི་བརྩམས་ཆོས་ངོ་སྤྲོད་བྱས་པ་རེད།
པོ་ལུའོ་ཉི་ཡའི་བྱིས་པའི་དཔེ་དེབ་འགྲེམས་སྟོན་གྱི་སྤྱི་ཁྱབ་ལྟ་ཞིབ་པ་ཨའེ་ལའེ་ནཱ·ཕ་སུའོ་ལི་ཡིས། དཔེ་དེབ་འགྲེམས་སྟོན་བྱས་པ་ལས་ཀྲུང་གོའི་བྱིས་པའི་དཔེ་དེབ་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། ཀྲུང་གོའི་བྱིས་པའི་དཔེ་དེབ་ལ་རྒྱལ་སྤྱིའི་དཔེ་སྐྲུན་ལས་རིགས་སུ་དགའ་པོ་བྱེད་མཁན་ཉིན་བཞིན་མང་དུ་ཕྱིན་པ་བདེན་དཔང་བྱས་ཡོད། “ཀྲུང་གོར་རིག་གནས་ཤུལ་བཞག་མང་པོ་ཡོད་པར་བརྟེན། ཀྲུང་གོའི་བྱིས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་དང་བར་བཅུག་རི་མོ་མཁས་ཅན་གྱིས་རིག་གནས་ཀྱི་རྨང་གཞི་ཟབ་མོ་དེར་གཞིས་ཚུགས་ཏེ། འཛམ་གླིང་དབར་སྤེལ་རེས་དང་གླེང་མོལ་ཧུར་ཐག་ཐུབ་ཡོད”ཅེས་བརྗོད།
ཉིན་དེར། རྒྱལ་སྤྱིའི་བྱིས་པའི་དཔེ་དེབ་མནའ་འབྲེལ་གྱིས་དཔེ་དེབ་འགྲེམས་སྟོན་དུ་ལོ་འཁོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། 2026ལོའི་རྒྱལ་སྤྱིའི་ཨན་ཐུའུ་ཧྲེང་བྱ་དགའ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོའི་སྒྱུ་རྩལ་མཁས་ཅན་ཚའེ་ཀའོ་ལ་བྱ་དགའ་དེའི་བར་བཅུག་རི་མོ་མཁས་ཅན་གྱི་བྱ་དགའ་ཐོབ་ཅིང་། དེ་ནི་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་ཐེངས་དང་པོ་ཡིན་པ་རེད།
2026ལོའི་རྒྱལ་སྤྱིའི་ཨན་ཐུའུ་ཧྲེང་བྱ་དགའ་དཔྱད་འདེམས་ཨུ་ལྷན་གྱི་ཀྲུའུ་ཞི་ཞེ་ལིན·ཁེ་ལེ་ཏི་ཡིས། ཚའེ་ཀའོ་ཡིས་ཐུན་མོང་མ་ཡིན་པའི་ཚོན་གྱི་སྡེབ་སྦྱོར་དང་། རི་མོའི་ཇུས་འགོད། མཐོང་ཚོར་གྱི་ལྷུག་བརྗོད་བཅས་ལ་བརྟེན་ནས། ཕྲུ་གུའི་འཚོལ་ཞིབ་དང་བསམ་གཞིག་གི་བློ་སྒོ་འབྱེད་པའི་རི་མོའི་དཔེ་དེབ་ཕུལ་བྱུང་གསར་རྩོམ་བྱས་ཏེ། བྱིས་པའི་རི་མོའི་དཔེ་དེབ་སྒྱུ་རྩལ་ལས་དོན་བྱ་གཞག་ལ་གཟེངས་སུ་ཐོན་པའི་ལེཌ་སྐྱེས་ཕུལ་ཡོད་ཅེས་བརྗོད།
སྐབས་འདིའི་དཔེ་དེབ་འགྲེམས་སྟོན་ཚེས་16ཉིན་བར་བྱས་ཤིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་90ཡི་འགྲེམས་ཚོང་པ་1500ཙམ་འགྲེམས་སྟོན་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།