“པར་ཀྲུང་གི་མཛའ་གྲོགས་ལ་མུ་མཐུད་བསྟོད་གླུ་ལེན་པའི་ངའི་ཆོད་སེམས་བརྟན་དུ་ཕྱིན་སོང”
པར་ཙིར་གྱི་ལི་གཡོད་རེ་ནེ་ལུའི་གྲོང་བཙུགས་ཟློས་གར་ཁང་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་རྐུབ་བཀྱག་སྟོང་པ་གཅིག་ཀྱང་ལྷག་མེད་པ་རེད། གར་སྟེགས་སུ་པར་ཙིར་གྱི་སྒྲ་གདངས་མཐོ་བའི་བུད་མེད་གླུ་གཞས་མཁས་ཅན་མཱ་ལི་ལི་ཡཱ·ཝ་ཅཱ་སི་ཡིས《ངའི་མེས་རྒྱལ》དང《ང་ཁྱེད་ལ་དགའ། ཀྲུང་གོ》སོགས་ཀྲུང་གོའི་གྲགས་ཅན་གླུ་གཞས་བཏང་བ་རེད། བརྩེ་སེམས་ཀྱིས་ཕྱུག་པའི་གླུ་སྒྲ་ཟློས་གར་ཁང་དུ་གྲགས་སྐབས་ལྟད་མོ་བ་ཚོར་སྙིང་སྟོབས་རབ་འཕེལ་གྱི་སྣང་བ་ཞིག་བྱུང་ཡོད།
ཉེ་ཆར། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཝ་ཅཱ་སི་ཡིས། “ད་ཆ་ཀྲུང་གོའི་གླུ་གཞས་འདི་དག་གཏོང་རིམ་བཞིན་ངའི་བློ་ངོར་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་བཞིན་རས་འཆར་གྱི་འདུག”ཅེས་བརྗོད།
2024ལོའི་ཟླ་11པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་ཞིང་། ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་གྱི་སྔ་དྲོར། པ་ཞི་ལི་ཡའི་ཙུང་ཐུང་ལས་ཤག་གི་ལི་སྨི་ཕོ་བྲང་དུ་སྔོ་ལྗང་གིས་བརྒྱན་ཡོད་པ་དང་། ཙུང་ཐུང་ལུའུ་ལཱ་ཡིས་དེ་གར་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད། དགའ་བསུ་ཞུ་བའི་མཛད་སྒོར་གདན་དྲངས་པའི་ཝ་ཅཱ་སི་ཡིས་རྒྱ་སྐད་ནས《ངའི་མེས་རྒྱལ》ཞེས་པའི་གླུ་གཞས་དེ་བཏང་བ་རེད།
“རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཕྱི་འབྲེལ་དང་མི་དམངས་མཛའ་གྲོགས་ཀྱི་དཔང་པོར་གྱུར་པར་ཧ་ཅང་དགའ་པོ་བྱུང”ཞེས་སྐབས་དེ་དུས་ཀྱི་བརྗེད་པར་དཀའ་བའི་གནས་ཚུལ་ལ་དྲན་གསོ་བྱེད་བཞིན་དེ་ལྟར་བརྗོད། “དམིགས་བསལ་གྱི་བཀོད་སྒྲིག་དེར་དོན་སྙིང་ཟབ་མོ་ལྡན་ཡོད། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་2023ལོར་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་སྐབས་པར་ཙིར་གྱི་རོལ་དབྱངས《དུས་རབས་གསར་པ》ཞེས་པ་དཀྲོལ་གཏོང་བྱས་པར། པར་ཙིར་ཕྱོགས་ཀྱི་མཛེས་སྡུག་ལྡན་པའི་འཚམས་ལན་ཞུས་པ་ཞིག་ཡིན” དགའ་བསུ་ཞུ་བའི་མཛད་སྒོ་བཀོད་སྒྲིག་ཞིབ་ཚགས་བྱས་པ་ལས་ཝ་ཅཱ་སིས་ལྷག་བསམ་ཟོལ་མེད་ཀྱི་ཤེས་དཔལ་སྤེལ་རེས་ཀྱི་རྣམ་པ་ཟབ་མོ་ཚོར་ཡོད་ཅིང་། “དེ་ནི་སེམས་གཏིང་ནས་འཕྱུར་བའི་ཕན་ཚུན་བརྩི་འཇོག་དང་ལྷག་བསམ་ཟོལ་མེད་ཀྱི་རྣམ་པ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་བག་ཕེབས་དང་བྱམས་བརྩེའི་བཞིན་རས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། དེ་ལས་པར་ཀྲུང་གི་མཛའ་གྲོགས་ལ་མུ་མཐུད་བསྟོད་གླུ་ལེན་པའི་ངའི་ཆོད་སེམས་བརྟན་དུ་ཕྱིན་སོང”ཞེས་ཝ་ཅཱ་སི་ཡིས་བརྗོད།
ཝ་ཅཱ་སི་དང་ཀྲུང་གོའི་དབར་གྱི་ལས་འཕྲོ་ནི་2004ལོར་འགོ་ཚུགས་ཤིང་། ལོ་དེར། ཁོང་ཀྲུང་གོར་འཚམས་འདྲིར་ཡོང་ཐེངས་དང་པོ་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ཀྱིས་ཁོ་མོའི་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག དེ་རྗེས་ཁོང་ཧ་ལམ་ལོ་ལྟར་ཀྲུང་གོར་འཁྲབ་སྟོན་དང་སྤེལ་རེས་ལ་ཡོང་བའམ། ཡང་ན་འབྲེལ་ཡོད་སློབ་ཁྲིད་ལས་དོན་ལ་ཞུགས་ཀྱི་ཡོད། “ཀྲུང་གོར་ང་རང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་མང་པོར་ཞུགས་མྱོང་ཡོད”ཅེས་ཝ་ཅཱ་སི་ཡིས་བརྗོད།
ཉེ་བའི་ལོ་ཤས་རིང་། ཝ་ཅཱ་སི་ཡིས་རྒྱ་གཞས་དེ་བས་མང་བ་སྦྱངས་ནས་གཏོང་བཞིན་ཡོད་ཅིང་། རྒྱ་གཞས་ཁག་གཅིག་གླུ་དབྱངས་མཚན་ཚོགས་སུ་རྒྱུན་དུ་གཏོང་གི་ཡོད། ཁོང་གི་ངོས་འཛིན་ལྟར་ན། ཀྲུང་གོའི་རོལ་དབྱངས་སུ་འདུས་པའི་བརྩེ་སེམས་དེ་པར་ཙིར་རོལ་དབྱངས་ཁྲོད་ཀྱི་ཁྱིམ་གཞིས་དང་། ས་ཞིང་། བརྩེ་སེམས་བཅས་ཀྱི་རྣམ་པ་མཚོན་པའི་གླུ་གཞས་དང་གཅིག་མཚུངས་ཡིན་པ་རེད། 2026ལོ་ནི་ཀྲུང་གོ་དང་པར་ཙིར་གྱི་རིག་གནས་ལོ་ཡིན་པས། ཝ་ཅཱ་སི་ཡིས་རོལ་དབྱངས་དང་། སྒྱུ་རྩལ། གཞོན་ནུའི་སྤེལ་རེས་བཅས་ཀྱི་ཁྲོད་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དེ་བས་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ད་ཆ། ཁོང་གིས་ཀྲུང་གོ་དང་པར་ཙིར་གྱི་རིག་གནས་ལོར་གླུ་གཞས་གསར་པ་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། ཁོང་གིས“དེ་ནི་ཧ་ཅང་གལ་འགངས་ཆེ་བའི་རིག་གནས་སྤེལ་རེས་ཀྱི་གོ་སྐབས་ཤིག་རེད”ཅེས་བརྗོད།
“རིག་གནས་ཀྱིས་སེམས་པ་སྦྲེལ་ཐུབ་པ་དང་སྒྱུ་རྩལ་གྱིས་འཛམ་གླིང་དང་འབྲེལ་བ་འཛུགས་ཐུབ་ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་མྱོང་། ངས་རང་ཉིད་ཀྱི་གླུ་གཞས་ལ་བརྟེན་ནས་རང་ཉིད་ཀྱིས་ཤེས་རྟོགས་ཐུབ་པའི་ཀྲུང་གོ་དང་ཀྲུང་གོ་མི་དམངས་ཀྱི་དྲོ་སྐྱིད་པར་ཙིར་གྱི་གྲོགས་པོ་དེ་བས་མང་བར་བརྒྱུད་སྤྲོད་བྱེད་འདོད་ཡོད”ཅེས་བརྗོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཝ་ཅཱ་སི་ཡིས་ཀྲུང་གོའི་རོལ་དབྱངས་སྒྱུ་རྩལ་གྱི་བང་མཛོད་མུ་མཐུད་གང་ལེགས་བསྔོགས་ཏེ། གར་སྟེགས་དེ་བས་མང་བར་པར་ཀྲུང་དང་ལ་ཀྲུང་དབར་གྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུའི་འདུན་པ་བཅངས་ཡོད། “དེ་ནི་སྒྱུ་རྩལ་པ་ཞིག་ཡིན་པའི་ངོས་ནས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲོལ་གཏོད་གནང་བའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བ་ཞིག་ཡིན། འཛམ་གླིང་ཆེན་པོ་ཡོད་མོད། འོན་ཀྱང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཚེ་ང་ཚོ་ཕན་ཚུན་འབྲེལ་འདྲིས་བྱེད་ཐུབ། ངས་མུ་མཐུད་གླུ་གཞས་བླངས་ནས་བརྒྱུད་རིམ་དེར་དཔང་པོ་བྱེད་ཀྱི་ཡིན་ལ། དེའི་ནང་ཧུར་ཐག་ཞུགས་ཀྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།