དབུ་ཤོག>གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་གྲོང་ཁྱེར་སྒྱུར་བཀོད་ཀྱི་ལས་གྲྭ་ཁག་བཅུ་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-21

    ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ད་ལོ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་གྲོང་ཁྱེར་སྒྱུར་བཀོད་ཀྱི“ལས་གྲྭ་ཁག་བཅུ”ལ་སྐུལ་འདེད་བཏང་ནས་སྒོར་དུང་ཕྱུར་བརྒྱ་ཡི་མ་འཇོག་རྣམ་གྲངས་ཇུས་འགོད་བྱས་ཏེ་སྣེ་གདོང་ཆུས་དེང་རབས་ཅན་གྱི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱ་རྒྱུ་དེ“གནད་སྨིན་སྒྱུར་བཀོད”ཀྱིས“དམངས་འཚོའི་དོ་ཁུར”ལ་ལན་སློག་པ་དང་། “མཉེན་གཤིས་སྒྱུར་བཀོད”ཀྱིས“སྤུས་ཚད་མཐོར་གཏོང”ལ་སྐུལ་འདེད་གཏོང་བ། “མ་ལག་སྒྱུར་བཀོད”ཀྱིས“ས་ཁོངས་ཡོངས་གསར་བརྗེས”མངོན་འགྱུར་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གྲོང་ཁྱེར་སྒྱུར་བཀོད་དེ་དམངས་འཚོའི་ཞན་ཆ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་གཙོ་གནད་རྣམ་གྲངས་ཁག་གཅིག་གཅིག་སྡུད་ཐོག་ལག་བསྟར་བྱ་རྒྱུ་ཡིན་ཞིང་། སྣེ་གདོང་གྲོང་ཁུལ་རྙིང་པའི་སྐྱེ་ཁམས་སླར་གསོ་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.3བཏང་བ་དང་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་7.8ཡོད་པ་དེར་སྐྱེ་ཁམས་སླར་གསོ་དང་། ངལ་གསོ་རོལ་རྩེད། འབྲུབ་འགོག་ཞོད་འགོག འཁོར་འཇོག་ལེ་ལག་སོགས་ནུས་མང་གཞི་གཅིག་ཏུ་འདུས་ཡོད་པས། འདི་ལོར་ལས་མཇུག་འགྲིལ་ཏེ་སྤྱོད་འགོ་ཚུགས་རྗེས་གྲོང་ཁུལ་རྙིང་པའི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་ཁོར་ཡུག་བཙོག་ཟིང་ཞན་གསུམ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཐུབ་རྒྱུ་རེད།

    འགྲིམ་འགྲུལ་ལམ་དྲ་རིམ་སྤོར་ལས་གྲྭ་དུས་གཅིག་ཏུ་བསྐྲུན་མགྱོགས་སུ་གཏོང་རྒྱུ་ཡིན་ཞིང་། བཙན་ཐང་གྲོང་ཁྱེར་དོ་དམ་འགྲོ་ལམ་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་6000ལྷག་ཙམ་བཏང་ནས་སྤྱིའི་རིང་ཚད་ལ་སྤྱི་ལེ་2.7ཡོད་པའི་འགྲོ་ལམ་4བསྐྲུན་ཏེ་ཡུག་ཁུལ་གྱི་ཆུ་འབུད་དང་ཞོད་སྐྱོན་སྔོན་འགོག་དང་ལམ་དྲའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྩིས་ཡོད་པ་དང་། ཨན་ཧུའེ་ལམ་ཆེན་སྣུར་སྲིང་དུམ་བུའི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་8695.6གཏོང་བར་ཁྱོན་རིང་ཚད་སྤྱི་ལེ་1.36ཟིན་པ་དེས་གྲོང་ཁུལ་གྱི་འགྲིམ་འགྲུལ་དྲ་བ་ཤར་གཏོང་ཐུབ་པར་བྱས་ནས་ཉེ་འཁོར་མང་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་རྒྱུ། ཁྲ་འབྲུག་ལམ་ཆེན་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་1767བཏང་ནས་སྤྱི་ལེ་1.2ཟིན་པའི་འགྲོ་ལམ་གྱི་རྣམ་པ་རིམ་སྤོར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།