ཤར་གངས་ལའི་ཕུག་ལམ་ཤར་གཏོང་ཐུབ་ནས་གང་སར་འགྱུར་ལྡོག་ཆེན་པོ་བྱུང་བ།
རྟ་ལམ་ཕྲ་མོ་སྣུམ་ནག་ལམ་དུ་གྱུར། དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་ལ་འགྲན།

འདི་ནི་ཤར་གངས་ལའི་ཕུག་ལམ་ཡིན་པ།

འདི་ནི་རྒྱལ་པོ་བཟའ་ཚོ་ཡིན་པ།
གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་ཕྱེ་འགྲིལ་གྲོང་ཚོ་ནས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སྤྱི་གླིང་ཤང་བར་ལམ་ཐག་སྤྱི་ལེ་977ཡོད་ཅིང་། 2008ལོར་རྒྱལ་པོས་བཟའ་མི་བུ་ཕྲུག་ཁྲིད་དེ་ལམ་དེ་བརྒྱུད་ནས་ཡོང་སྐབས་ཉིན་10འགོར་ཡོད། 2024ལོར་ཤར་གངས་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པས་ཉིན་གཉིས་ལས་འགོར་གྱི་མེད་པ་རེད། ཇོ་མོ་གླང་མའི་འདབས་སུ་འཚར་ལོངས་བྱུང་བའི་སྐྱེས་པ་དེ་བཟའ་ཟླའི་ཕ་ཡུལ་དུ་གཞིས་ཆགས་ནས་ལོ་16སོང་ཡོད།
“ཁ་བ་དཀར་པོ”ནི་རྒྱལ་པོས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སྤྱི་གླིང་ཤང་དུ་བཙུགས་པའི་བོད་ཟས་ཟ་ཁང་རེད།
“ཁ་བ་དཀར་པོ”ཟ་ཁང་གི་སྒོ་ཕྱེ་སྐབས་ཇ་བསྲུབས་མའི་དྲི་ཞིམ་འཐུལ་འོང་། པང་རས་དཀྲིས་པའི་སྐྱེས་པ་དེས་ཐབ་ཚང་ནས་འཛུམ་དམུལ་དམུལ་ངང་ང་ཚོར་ལྟ་བཞིན་དུ་སེམས་རྩ་འཁོལ་པོས་ཡར་ཕེབས་ཞེས་བཤད་བྱུང་། ཁོང་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ནས་ཡིན་པའི་རྒྱལ་པོ་རེད།
སེམས་པ་མཐུན་པའི་མི་དང་ལས་འཕྲོའི་མདུད་པ་ཐེབས་པ།
2002ལོར་རྒྱལ་པོ་ལྷ་སའི་ཟ་ཁང་ཞིག་གི་བདེ་སྲུང་བ་བྱས། སྐབས་དེར་ཉི་མ་ལྷ་མོའང་ཟ་ཁང་དེའི་གཙང་སྦྲ་བྱེད་མཁན་ཞིག་རེད། དེ་དུས་ཉི་མ་ལྷ་མོ་ལོ་30ལ་སླེབས་ཙམ་ཡིན་པ་དང་ཆུང་དུས་ནས་ཕ་མ་གྲོངས་ཏེ་སྤྱི་གླིང་ཤང་དུ་འཚར་ལོངས་བྱུང་བ་དང་ལོ་བཅུ་གྲངས་ལ་སླེབས་སྐབས་ཕྱིར་གླ་པར་བསྐྱོད། “ཉེ་འགྲམ་གྱི་མི་གཅིག་རྗེས་གཉིས་མཐུད་ངང་གཉེན་སྒྲིག་བྱས་པ་མཐོང་སྐབས་སེམས་ནང་ཁྱིམ་ཚང་ཞིག་བྱུང་ན་བསམ་པའི་བསམ་བློ་ཡང་ཡང་འཁོར་གྱི་འདུག”ཅེས་ཉི་མ་ལྷ་མོས་དྲན་གསོ་བྱེད་བཞིན་བཤད།
ང་གཉིས་ལས་རོགས་ཀྱིས་ངོ་སྤྲོད་བྱས་བྱུང་། “ང་ཚོའི་བདེ་སྲུང་རུ་ཁག་གི་རྒྱལ་པོ་ནི་མི་བླ་མ་དཀོན་མཆོག་ཅིག་དང་དཀའ་ལས་རྒྱག་ཐུབ་མཁན་ཞིག་ཡིན་པས་ཁྱེད་གཉིས་འབྲེལ་བ་མང་ཙམ་བྱེད་དང”ཞེས་ལས་རོགས་ཀྱིས་བཤད།
དུས་དེ་ནས་བཟུང་། ཁོང་གཉིས་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན། “ཆུང་དུས་ནས་ཕ་མ་གཉིས་ཀ་གྲོངས་སྟབས་གང་དུ་སླེབས་ཀྱང་སེམས་པ་སྟོང་ལྷང་ལྷང་གི་སྣང་བ་ཞིག་ཡོང་གི་འདུག རྒྱལ་པོ་ངོ་ཤེས་རྗེས་ང་གཉིས་ལ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་བྱུང་ན་བསམ་བྱུང”ཞེས་ཉི་མ་ལྷ་མོས་བཤད།
2004ལོར་བུ་སྐྱེས་པས་ཁང་གླ་གླས་པའི་སྡོད་ཁང་དེ་དེ་བས་འཁྲུག་ཆ་དོད་དུ་ཕྱིན།
ཁོང་གཉིས་ལ་གཞི་ནས་གཞན་ཡུལ་དུ་རང་ཉིད་ཀྱི་ཁྱིམ་ཚང་ཆུང་ཆུང་ཞིག་བྱུང་ཡོད།
སྤྱི་གླིང་ཤང་དུ་གཞིས་ཆགས་པ།
2008ལོའི་དཔྱིད་གསར་དུས་ཆེན་སྐབས། རྒྱལ་པོས་བཟའ་མི་བུ་ཕྲུག་ཁྲིད་ནས་ཉི་མ་ལྷ་མོའི་ཕ་ཡུལ་དུ་གཉེན་འཕྲད་ལ་འགྲོ་རྒྱུའི་སེམས་ཐག་བཅད། དེ་ནི་ཁོང་ཆབ་མདོར་སྐྱོད་ཐེངས་དང་པོ་རེད།
ལྷ་ས་ནས་དཔལ་འབར་རྫོང་གྲོང་བར་ལམ་ཐག་རིང་བ་དང་དཔལ་འབར་ནས་སྤྱི་གླིང་ཤང་བར་ལམ་ཡག་པོ་མེད་པ་མ་ཟད། ཤར་གངས་ལ་ཡིན་གཅིག་རྒྱག་དགོས་ཀྱི་ཡོད།
ལོ་དེར་ཁ་བ་ཧ་ཅང་ཆེན་པོ་བབས་ནས་ཁོང་ཚོ་རྐང་ཐང་མར་རི་འཛེག་དགོས་བྱུང་ཡོད། རྒྱལ་པོས་རྡོག་ཁྲེས་འཁུར་བ་དང་ཉི་མ་ལྷ་མོས་བུ་པང་དུ་བཏབ་ནས་ཁ་བ་བུ་ཡུག་ཁྲོད་ཁྱིམ་དུ་ལོག
ས་རུབ་རྗེས་གཞི་ནས་ཁྱིམ་དུ་སླེབས། རྒྱལ་པོའི་གཟུགས་པོར་འདམ་རྫབ་ཀྱིས་ཁེངས་པ་དང་ཉི་མ་ལྷ་མོའི་སྐྲ་རླུང་བུའི་ཁྲོད་ཟང་ཟིང་ཆགས། ཕྲུ་གུ་འཁྱགས་ནས་ངོ་གདོང་ཡང་སྨུག་པོར་གྱུར། ནང་མིས་ཁོང་ཚོ་མཐོང་རྗེས་དགའ་ངུ་ཤོར།
ཕྱིར་ལོག་པའི་སྐབས་སུ་ཉི་མ་ལྷ་མོའི་ནང་མིས་རྒྱལ་པོའི་ལག་ནས་འཇུས་ཏེ“ལོག་ཤོག་ཨང་། རང་གིས་ལྟོ་ཆས་ཞིམ་པོ་བཟོ་ཡི་འདུག འདི་གར་ཟ་ཁང་ཞིག་བཙུགས་ན་ཚོང་ཡག་པོ་ཡོང་ངེས་རེད”ཅེས་བཤད།
ལྷ་སར་སླེབས་རྗེས་རྒྱལ་པོས་བསམ་བློ་ཞིབ་པར་བཏང་ནས“ང་ཚོ་སྤྱི་གླིང་ཤང་དུ་ལོག་འགྲོ ཁྱོད་དང་ཕྲུ་གུ་གང་དུ་ཡོད་ན་དེ་གར་ངའི་ཁྱིམ་རེད”ཅེས་བཤད།
2010ལོར་ཁོང་ཚོ་སླར་ཡང་སྤྱི་གླིང་ཤང་དུ་ལོག་ནས་གཞིས་ཆགས་རྒྱུའི་སེམས་ཐག་བཅད།
ད་ཆ་དེ་གར་གཞིས་ཆགས་ནས་ལོ་16འགྲོ་ཡི་ཡོད་པ་རེད།
2014ལོར་རྒྱལ་པོས་ལོ་4བསགས་བསགས་གྲུང་གྲུང་བྱས་པའི་དངུལ་དང་ཉི་མ་ལྷ་མོའི་ནང་མིས་བཏོན་པའི་དངུལ་སྒོར་ཁྲི་29.6བཏང་སྟེ། ཤང་སྲིད་གཞུང་གི་ཁ་སྤྲོད་ནས་ཐོག་སོ་ཉིས་ལྡན་གྱི་ཁང་པ་ཞིག་ཉོས། དེ་ནས་ཐོག་སོ་དང་པོར་ཟ་ཁང་བཙུགས་པ་དང་ཐོག་སོ་གཉིས་པར་ནང་མི་ཚོ་སྡོད་ས་བྱས། དེ་ལྟར་ཁོང་ཚོར་རང་ཉིད་ལ་དབང་བའི་ཁྱིམ་ཚང་ཞིག་བྱུང་བ་རེད།
འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་ཞིང་། 2018ལོའི་ཟླ་10པར། རྒྱལ་ལམ་349ལམ་རྒྱུད་ཀྱི་དཔལ་འབར་ནས་ལྷ་རི་བར་གྱི་དུམ་བུའི་བསྐྱར་སྐྲུན་ལས་གྲྭ་ལས་འགོ་ཚུགས་པ་དང་ཤར་གངས་ལའི་ཕུག་ལམ་དངོས་སུ་སྐྲུན་འགོ་ཚུགས། ལམ་འདི་བསྐྲུན་རྗེས། སྤྱི་གླིང་ཤང་གི་ཡུལ་མི་ཚོས་བཟའ་བཅའི་རྒྱུ་ཆ་སྒལ་པར་འཁྱེར་ནས་དབོར་མི་དགོས་པར་རླངས་འཁོར་གྱིས་སྐྱེལ་འདྲེན་བྱེད་ཆོག་པ་དང་། ཡུལ་སྐོར་བ་ཚོ་ལ་བརྒྱབ་ཀླུང་བརྒལ་བྱེད་མི་དགོས་པར་རླངས་འཁོར་ཐད་ཀར་གྲོང་ཚོར་གཏོང་ཆོག་པ། ཕྲུ་གུ་ཚོ་སློབ་གྲྭར་འགྲོ་སྐབས་རི་རྒྱ་བསྡམས་པའི་སེམས་ཁྲལ་བྱེད་དགོས་མེད།
ལམ་སེང་རྒྱལ་པོས་གོ་སྐབས་འདི་དམ་འཛིན་བྱས་ཤིང་། 2022ལོར་ཁོང་གིས་ཟ་ཁང་རྒྱ་ཆེ་རུ་བཏང་ནས་ཐོག་སོ་གཉིས་ལྡན་དེ་ཐོག་སོ་གསུམ་ལྡན་དུ་བསྒྱུར། ཐབ་ཚང་ཆེ་རུ་བཏང་བས་ཁ་ལག་བཟོ་དུས་ལག་རོགས་ཕན་ཚུན་འཚང་ཁ་ཐེབས་དོགས་ཀྱི་སེམས་ཁྲལ་མེད་པ་དང་། ཐོག་སོ་གཉིས་པ་དང་གསུམ་པ་འགྲུལ་ཁང་བཟོས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བར་ཞག་སྡོད་ཀྱི་མཐུན་རྐྱེན་བསྐྲུན་ཡོད།
“ཁ་བ་དཀར་པོ”ཞེས་པའི་སྔོན་ཆད་རླུང་བུ་ཡང་མི་འཚོག་པའི་ཟ་ཁང་ཆུང་ཆུང་དེ་ད་ཆ་བཟའ་བཏུང་དང་ཞག་སྡོད་གཉིས་ཀ་ཡོད་པའི་གསོལ་མགྲོན་ཁང་ཆུང་གྲས་ཤིག་ཏུ་གྱུར་ཡོད།
ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས། སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་དེ་བས་མང་པོ་རྒྱལ་ལམ་349བརྒྱུད། ལོ་ངོ་སྟོང་གི་འཁྱག་རོམ་མཚེའུ་ལྗང་ལྷ་མཚོ་དང་སྤྱི་གླིང་ཤང་གི་ལོ་ངོ་སྟོང་གི་གླ་ཚེར་ནགས་ཚལ་ལ་ལྟ་བར་ཡོང་བ་དང་། ཡུལ་ལྗོངས་ལ་བལྟས་རྗེས། “ཁ་བ་དཀར་པོར”རྒྱལ་པོས་བཟོས་པའི་ཁ་ལག་གི་བྲོ་བར་ལྟ་བར་ཡོང་གི་ཡོད།
ཉི་མ་ལྷ་མོས་འགྲུལ་ཁང་དོ་དམ་གྱི་འགན་འཁུར་ཞིང་། ཁོང་གིས་ནམ་ཞག་རྒྱུན་དུ་ཁང་པ་ཚང་མར་གཙང་སྦྲ་ཡག་པོ་བྱེད་ཀྱི་ཡོད། “སྤྱི་གླིང་ཤང་དུ་སྐུ་མགྲོན་ཚོར་རང་ཉིད་ཀྱི་ཁྱིམ་དུ་སླེབས་པའི་ཚོར་སྣང་ཡོང་བ་བྱེད་དགོས”ཞེས་ཁོང་གིས་རྟག་ཏུ་ཤོད་ཀྱི་ཡོད།
2024ལོར། དཔལ་འབར་རྫོང་སྤྱི་གླིང་ཤང་གིས་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་མང་པོ་ལག་བསྟར་བྱས་པ་སྟེ། རྩེར་སོན་གྱི་དམངས་སྲོལ་གནས་ཚང་སྒྱུར་བཀོད་དང་། ཡུལ་སྐོར་བའི་སྤྲོ་འཆམ་སྒར་ས་འཛུགས་སྐྲུན། ཇ་རྟའི་ཚོང་ལམ་རྒྱུད་ཀྱི་ཡུལ་སྐོར་སྤུས་འབྲས་ལེགས་གཉེར་ལ་སོགས་རྒྱལ་པོའི“ཁ་བ་དཀར་པོ”ནི་སྲིད་ཇུས་དེ་དག་ལས་ཕན་པ་ཐོབ་མཁན་དུ་གྱུར་ལ། དེའི་ནང་ཞུགས་མཁན་ཡང་ཆགས་ཡོད། ཁོང་གི་སྣེ་ཁྲིད་འོག་ཤང་གི་མི་དེ་བས་མང་བས་ཟ་ཁང་དང་མགྲོན་ཁང་བཙུགས་ནས་ཡུལ་སྐོར་ལས་རིགས་ལ་གཞོལ་ཡོད།
“བཟའ་ཟླ་ཡག་པོ་འཕྲད་པའི་སྒང་ལ་དུས་སྐབས་ཡག་པོ་འདི་འདྲ་ཞིག་དང་སྐབས་འཁེལ་སོང་། ང་རང་ལ་རླུང་རྟ་འདི་འདྲ་རྒྱུག་གི་རེད་བསམ་བསམ་མ་བྱུང”ཞེས་རྒྱལ་པོས་བཤད།
འབྲེལ་ཡོད་གསར་འགྱུར།