དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “སྡོང་རྐང་གཅིག”ནས“མུའུ་ཁྲི་ཟིན་པའི་གླིང་ཁའི”བར་གྱི་འཕོ་འགྱུར།

    ​ ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་རྒུན་འབྲུམ་ཐོན་ལས་རྟེན་གཞི་ལས་རང་ཡུལ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་བྱུང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-21


    འདི་ནི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཀྲུང་གླིང་ཤང་གི་ལས་སྒྲུབ་མང་ཚོགས་ཀྱིས་རྒུན་འབྲུམ་རྟེན་གཞིར་རྒུན་འབྲུམ་སྡོང་པོར་ཡལ་བཞུར་རྒྱག་བཞིན་པ།

    2025ལོའི་ཟླ་9པར། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་རབ་ཅན་ཤང་དུ་ལོ་416ཟིན་པའི་རྒུན་འབྲུམ་སྡོང་པོ་ཞིག་གསར་དུ་རྙེད་ཅིང་། དེ་ནི་རང་རྒྱལ་དུ་ད་ལྟའི་བར་དུ་རྙེད་པའི་ཆེས་གནའ་བོའི་རྒུན་འབྲུམ་སྡོང་པོའི་གྲས་ཤིག་ཡིན་པ་དང་། དེ་ལས་མཛོ་སྒང་རྫོང་གི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་བདེན་དཔང་ཡང་བྱས་ཡོད།

    རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱི་ཅུས་ཀྲང་ཡོན་ཆོན་པཱ་ཡི་གཞུང་ལས་ཁང་གི་སྒྲོག་ཙེའི་ཐོག་ལོ་མ་འབུས་པའི་རྒུན་འབྲུམ་སྡོང་ཕྲུག་ཁོག་མ་གཉིས་བཞག་ཡོད་པ་རེད། ཁོམ་ལོང་གི་དུས་སུ་ཁོང་རྟག་ཏུ་དེ་དག་གི་སྐྱེ་འཚར་ལ་ཞིབ་ལྟ་བྱ་རྒྱུར་དགའ་བ་དང་། དེ་གཉིས་ལས་ལེ་དབར་བརྒྱ་ཡི་ས་ཆར་ཡོད་པའི“མུའུ་ཁྲི་ཟིན་པའི་རྒུན་འབྲུམ་ཐོན་ལས་རྟེན་གཞི”མཐོང་བ་ལྟར་སྣང་།

    “ན་ནིང་རྫོང་གི་ཤང་དང་གྲོང་རྡལ་6གི་རྒུན་འབྲུམ་ཐོན་ཚད་དུས་མཚུངས་ལས་41.38%འཕར་ཡོད། དེ་སྔོན་ང་ཚོས་ཀྱང་ལས་ནོར་མང་པོ་བྱས་མྱོང་། དཔེར་ན་རྒུན་འབྲུམ་སྡོང་འཛུགས་ཀྱི་གཞི་ཁྱོན་ཆེ་ཡང་ཐོན་འབོར་མང་དུ་འགྲོ་ཐུབ་མེད་པ་ལྟ་བུ་རེད”ཅེས་ཡོན་ཆོན་པཱ་ཡིས་གསར་འགོད་པར་ངོ་སྤྲོད་བྱས།

    གནད་དོན་གྱི་རྒྱུ་རྐྱེན་ག་རེ་ཡིན་ནམ། ཡོན་ཆོན་པཱ་་ཡིས“ཐོག་མའི་དུས་སུ་འདེབས་འཛུགས་ལག་རྩལ་འདང་གི་མེད”ཅེས་བཤད་པ་རེད། མ་གཞིར་རྒུན་འབྲུམ་ཐོན་ལས་རྟེན་གཞི་མ་བསྐྲུན་གོང་། ཡུལ་མི་ཚོས་རང་ཉིད་ཀྱི་རྒུན་འབྲུམ་ས་ཞིང་མུའུ་ཁ་ཤས་ལ་གཡོག་བྱེད་རགས་ཙམ་བྱེད་ཀྱི་ཡོད་ཀྱང་འདེབས་འཛུགས་ལག་རྩལ་ཡག་པོ་མེད་པ་དང་རྒུན་འབྲུམ་གྱི་སྤུས་ཚད་ཞན་པས་གཞན་ལ་འཚོང་ཐུབ་ཀྱི་མེད་པར་བརྟེན། ས་ཆའི་ཐོན་ཁུངས་ཀྱང་འཕྲོ་བརླག་ཏུ་སོང་ཡོད་པ་རེད།

    གནས་ཚུལ་དེར་འགྱུར་ལྡོག་མཐར་ཕྱིན་པ་གཏོང་ཆེད། 2012ལོར་རྒུན་འབྲུམ་ཐོན་ལས་རྟེན་གཞི་སྐྲུན་འགོ་ཚུགས་རྗེས། མཛོ་སྒང་རྫོང་གིས་རྒུན་འབྲུམ་ཐོན་ལས་རྟེན་གཞིའི་གཞུང་ལས་ཁང་ཆེད་མངགས་བཙུགས་པ་རེད། ཁོངས་མི་རྣམས་རྒུན་འབྲུམ་འདེབས་འཛུགས་བྱེད་སའི་ཤང་དང་གྲོང་རྡལ་6ལ་བསྐྱོད་དེ་དུད་ཁྱིམ་རེ་རེ་བཞིན་ཚན་རིག་དང་མཐུན་པའི་འདེབས་འཛུགས་འདུ་ཤེས་གསར་པ་དྲིལ་བསྒྲགས་བྱས་པ་དང་། རིགས་གཅིག་མཁས་ཅན་གདན་དྲངས་ནས་ས་ཡུལ་དངོས་སུ་ལག་རྩལ་དམར་ཁྲིད་བྱས་པས་རྒུན་འབྲུམ་གྱི་ཐོན་ཚད་བརྟན་པོའི་ངང་འཕར་བ་དང་། ཤིང་འབྲས་སོས་པ་ཁྲོམ་རར་བཏོན་མ་ཐག་འདོན་ཚད་ལས་མཁོ་ཚད་ཆེ་བར་གྱུར་པ་མ་ཟད། ད་དུང་རྒུན་ཆང་བཟོས་ནས་ལྗོངས་ཕྱི་ནང་དུའང་བཙོངས་ཤིང་། ཡུལ་ལུང་དེ་གའི་མི་སེར་ཚོར་རྒུན་འབྲུམ་འདེབས་འཛུགས་ལས་ཕན་པ་ཐོབ་ནས་འཚོ་བ་ལོ་རེ་བཞིན་ཡག་ཏུ་ཕྱིན་ཡོད་པ་རེད། 

    ཀྲུང་གླིང་ཤང་འོག་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་ཚེ་བརྟན་ནི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། 2012ལོར་རྫོང་གིས་ཀྲུང་གླིང་ཤང་དུ་མུའུ་ཁྲི་ཡོད་པའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་བསྐྲུན་རྒྱུའི་འཆར་འགོད་བྱས་ཤིང་། ཐོན་ལས་བཀོད་པ་དེས་འོག་པ་གྲོང་ཚོའི་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་སྟེ་གྲོང་ཚོ་དེའི་ཐུན་མིན་གྱི་ས་བབ་ཆ་རྐྱེན་ལ་བརྟེན་ནས་རྫོང་ཡོངས་ཀྱི་རྒུན་འབྲུམ་ཐོན་ལས་ནང་སྔོན་ལ་ཞུགས་ཡོད་པ་རེད།

    “སྔོན་ཆད་ང་ཚོའི་ཁང་པའི་རྒྱབ་མདུན་གྱི་རྒུན་འབྲུམ་སྡོང་པོ་ནས་སྨིན་པའི་རྒུན་འབྲུམ་ནང་མིས་ཟ་བ་ཙམ་ལས་ཕྱིར་འཚོང་དེ་ཙམ་བྱེད་ཀྱི་མེད”ཅེས་བསོད་ནམས་ཚེ་བརྟན་གྱིས་ཕྱིར་དྲན་བྱས་ཏེ་བརྗོད། 2012ལོར་གྲོང་ཚོའི་ནང་མུའུ་70ཡོད་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྒུན་འབྲུམ་རྟེན་གཞི་བསྐྲུན་པ་ནས་བཟུང་། ཡུལ་མི་ཚོར་རྒུན་འབྲུམ་འདེབས་འཛུགས་ཐད་ཀྱི་ཧུར་སེམས་སྔ་ན་མེད་པ་ཞིག་བྱུང་ཡོད། དེའི་ཁར་རྫོང་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་དུས་བཀག་ལྟར་ལག་རྩལ་ཐད་ཀྱི་གསོ་སྦྱོང་བྱས་པས་ཚང་མའི་འདེབས་འཛུགས་ཀྱི་ཆུ་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ནས་སྔོན་ཆད་རྒུན་འབྲུམ་གྱི་སྤུས་ཚད་ཞན་པའི་གནད་དོན་ལའང་འགྱུར་ལྡོག་མཐར་ཕྱིན་པ་བཏང་ཡོད།

    2025ལོར་མུའུ་70ཡོད་པའི་གྲོང་ཚོའི་མཉམ་སྡེབ་ས་ཆ་ནས་རྒུན་ཆང་རྒྱ་མ་ཁྲི་3དང་རྒུན་འབྲུམ་རྒྱ་མ་སྟོང་3ལྷག་ཙམ་ཐོན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་ཡོད།

    དེ་བས་གལ་འགངས་ཆེ་བ་ཞིག་ནི་ཀྲུང་གླིང་ཤང་གི་མུའུ་ཁྲི་ཡོད་པའི་རྒུན་འབྲུམ་རྟེན་གཞིས་ཡུལ་མིར་ལས་ཞུགས་ཀྱི་ལས་གནས་མང་པོ་མཁོ་འདོན་བྱས་ཡོད། “ང་ཚོའི་གྲོང་ཚོའི་མི་38ཀྱིས་རྒུན་འབྲུམ་རྟེན་གཞིར་དུས་ཡུན་རིང་པོར་ལས་ཀ་བྱེད་ཀྱི་ཡོད་པ་དང་། ལོ་ལྟར་རྟེན་གཞིས་ད་དུང་གནས་སྐབས་ལས་མི་མང་པོ་ཡང་གླ་ཡི་ཡོད། ན་ནིང་ལས་མིའི་ཁ་གསབ་རོགས་དངུལ་ཁོ་ནར་སྒོར་ཁྲི་200ལྷག་ཙམ་སྤྲད་ཡོད”ཅེས་བསོད་ནམས་ཚེ་བརྟན་གྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། རྒུན་འབྲུམ་རྟེན་གཞིར་ཡུལ་མི་ཚོས་ཡལ་བཞུར་རྒྱག་པ་དང་། ལུད་རྒྱག་པ། རྩྭ་ངན་བཀོག་པ། རྒུན་འབྲུམ་འཐོག་པ། གཡོག་བྱེད་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་ལ་མི་རེར་ཉིན་རེར་སྒོར་130རག་གི་ཡོད། གྲོང་ཚོའི་ནང་གི་དུད་ཁྱིམ་164ཡོད་པ་དང་ཧ་ལམ་དུད་ཁྱིམ་རེ་རེའི་ནང་མིས་རྟེན་གཞིར་ལས་ཀ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    རབ་ཅན་ཤང་གི་ལོ་ངོ་400ལྷག་ཙམ་གྱི་དྲག་ཆར་རླུང་འཚུབ་བརྒྱུད་མྱོང་བའི་གནའ་བོའི་རྒུན་འབྲུམ་སྡོང་པོ་དེ་ནས་ད་ཆ་ཤང་དང་གྲོང་རྡལ་6གི་མུའུ་ཁྲི་ཡོད་པའི་རྒུན་འབྲུམ་ར་བའི་བར་དང་། “སྡོང་རྐང་གཅིག”ནས“མུའུ་ཁྲི་ཟིན་པའི་གླིང་ཁའི”བར་གྱི་ཉམས་དགའ་བའི་འཕོ་འགྱུར་ཁྲོད། མཛོ་སྒང་རྫོང་གི་རྒུན་འབྲུམ་ཐོན་ལས་རྒྱུན་ཆད་མེད་པར་སྤུས་ཚད་ལེགས་སུ་འགྲོ་བའི་དུས་མཚུངས་སུ་རང་ཡུལ་གྱི་མང་ཚོགས་བདེ་སྐྱིད་དཔལ་ལ་རོལ་བའི་འཚོ་བ་གསར་པའང་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།