སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ།
སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་ཚོགས་ཆུང་བཅའ་སྡོད་བྱས་ནས་ལས་དོན་སྒྲུབ་འགོ་ཚུགས་ཤིང་། ཀྲུང་དབྱང་གི་སྐོར་ཞིབ་ཚོགས་ཆུང་15ཡིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་36ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་ཡིན་པ་རེད།
སྐོར་ཞིབ་བྱ་ཡུལ་གྱི་ཚན་པར་ཁག་སོ་སོར་སྐོར་ཞིབ་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་འཚོགས་པ་དང་། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐུལ་སློང་གསུང་བཤད་གནང་ནས། སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྐོར་ཞིབ་ལས་དོན་ཏན་ཏིག་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།
ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་ནན་བཤད་གནང་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་འཐབ་ས་དང་པོ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“ཐོག་མའི་ལག་བསྟར་བ”ཞིག་རེད། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལ་སྐོར་ཞིབ་བྱ་རྒྱུ་ནི་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པར་སྐུལ་འདེད་གཏོང་བ་དང་། ཏང་གི་དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཏང་ཀྲུང་དབྱང་གིས་དཀྲིས་པའི་སྐོར་ཞིབ་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་15ཡིས་སྐོར་ཞིབ་བྱ་ཡུལ་ཚན་པར་སྐོར་ཞིབ་ཟླ་བ་གཉིས་དང་ཟླ་ཕྱེད་ཙམ་བྱ་རྒྱུ་ཡིན་པ་དང་། དེའི་རིང་ཆེད་མངགས་སྡོད་བྱའི་ཁ་པར་དང་སྦྲག་སྒམ་བཙུགས་ནས་གཙོ་བོ་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། འོག་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་བཅས་ཀྱི་གནད་དོན་ཐེར་འདོན་གྱི་ཡི་གེ་དང་། ཁ་པར། ཞུ་བཅར་བཅས་བདག་སྤྲོད་བྱ་རྒྱུ་ཡིན་པ་དང་། གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་བའི་སྐོར་གྱི་ཐེར་འདོན་དང་གོང་ཞུ་ཡིན་པ་རེད། སྐོར་ཞིབ་ཚོགས་ཆུང་གིས་ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་མཚམས་འཇོག་དུས་ནི་2026ལོའི་ཟླ་6ཚེས་23ཉིན་བར་རེད།
འབྲེལ་ཡོད་གསར་འགྱུར།