ས་མཐོའི་གློག་འདོན་ལས་བཟོ་པས་འོད་ཤུགས་ཤེལ་ལེབ་ཀྱི“ལྗང་མདོག”ཞིང་ཁམས་བསྐྲུན་པ།

འདི་ནི་ཝུའུ་ཐུའུ་མེ་རེན་ཁའེ་ཁྲི་འོད་ཤུགས་གློག་ཁང་ཡིན་པ།

འདི་ནི་མཚོ་སྔོན་སྣུམ་ཞིང་གློག་ཤུགས་ཀུང་སིའི་ལས་བཟོ་པས་རྒྱུན་གཏན་གྱི་སྐོར་ཞིབ་ཉམས་གསོ་བྱེད་བཞིན་པ།
ཉིན་ཤས་གོང་། ས་མཐོའི་ཉི་འོད་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ཝུའུ་ཐུའུ་མེ་རེན་ཤང་གི་འོད་ཤུགས་ཤེལ་ལེབ་ཀྱི་ངོས་སུ་འཕྲོས་ཤིང་། གྲལ་སྟར་བསྒྲིགས་པའི་འོད་ཤུགས་ཤེལ་ལེབ་ཁྲི་210ལྷག་ཙམ་གྱིས་ཉི་འོད་ལ་བརྟེན་ནས་ལྗང་མདོག་གློག་མཁོ་འདོན་བྱེད་བཞིན་ཡོད། དེ་ནི་ཀྲུང་གོ་རྡོ་སྣུམ་གྱི་ཆན་ཝ་ཁྲི་བརྒྱ་ཡི་གཅིག་སྡུད་རྣམ་པའི་དྲ་སྦྲེལ་གློག་འདོན་རྣམ་གྲངས་ཐོག་མ་སྟེ། མཚོ་སྔོན་སྣུམ་ཞིང་ཁའེ་ཁྲི་འོད་ཤུགས་གློག་ཁང་གི་དཔྱིད་ཀའི་ཡུལ་ལྗོངས་ཡིན་ལ། གློག་འདོན་ལས་བཟོ་པ་ཁྱུ་ཡིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ནུས་རྒྱུ་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར། མཚོ་སྔོན་སྣུམ་ཞིང་གིས་ཁའེ་ཁྲི་འོད་ཤུགས་གློག་ཁང་ལ་བརྟེན་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བཏོན་པའི“ཐཱན་རྩེར་སོན་དང་ཐཱན་སྙོམ་སྣེ་ཁྲིད་དུ་བྱས་ཏེ་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་ཡོང་བ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བའི”བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྲོལ་རྒྱུན་ནུས་རྒྱུའི་ཁེ་ལས“ལྗང་མདོག”ཕྱོགས་སུ་སྐྱོད་པ་དང“གསར་པའི”ཕྱོགས་སུ་གཞོལ་བའི་ཕྱོགས་སྒྱུར་བགྲོད་ལམ་གསར་པ་ཞིག་ཏུ་བསྐྱོད་ཐུབ་ཡོད་པ་རེད།
ཆན་ཧྥུའུ་330ཡི་གློག་ཤུགས་ལས་སྟེགས་སུ་གློག་ཤུགས་ཀུང་སིའི་འོད་གློག་ཡན་ལག་ཀུང་སིའི་ཅིང་ལི་གཞོན་པ་ཧྥན་ཧྥུའུ་མིན་གྱིས་ཉིན་གཅིག་གི་སྐོར་ཞིབ་ལས་ཀ་བྱེད་འགོ་ཚུགས་པ་དང་། ཁོང་གིས་ཡུག་གཅིག་ཏུ་འབྲེལ་བའི་འོད་ཤུགས་ཤེལ་ལེབ་ལ་བལྟས་པ་དང་སྦྲགས། ཟིན་བྲིས་ཀྱང་རྒྱག་འགོ་ཚུགས། ཟིན་བྲིས་ནང་སྒྲིག་ཆས་ཀྱི་དཔྱད་གྲངས་འཁོད་ཡོད་པ་དང་། དེ་ནི་ཁོང་གིས་གློག་འདོན་འོད་ཤུགས་ཤེལ་ལེབ་བརྟན་པོ་ཡོང་བར་བྱེད་པའི་གདེང་ཚོད་ཀྱང་རེད། ཁོང་གིས་གློག་ཁང་གཉེར་སྐྱོང་ཡག་པོ་ཐུབ་པ་དེས་སྐྱེ་ཁམས་ཀྱི་ཕན་འབྲས་མངོན་པ་མ་ཟད། སྲོལ་རྒྱུན་སྣུམ་ཞིང་གིས་ལྗང་མདོག་གོ་སྐབས་དམ་འཛིན་དང་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པའི་འགག་རྩའི་གོམ་སྟབས་ཤིག་ཀྱང་ཡིན་པ་གསལ་པོར་ཤེས་ཀྱི་ཡོད།
2025ལོའི་ཟླ་3པར། སྣུམ་ཞིང་ལ་གློག་ཤུགས་ལས་སྒོའི་ཆོག་འཐུས་ལག་ཁྱེར་རག་ནས“གློག་འདོན་དང་གློག་འཚོང་ཟུང་དུ་འབྲེལ་བའི”འགྲན་ལམ་གསར་པར་བསྐྱོད་འགོ་ཚུགས། གློག་ཁང་གིས་གཉེར་སྐྱོང་བྱས་ནས་ཡུན་རིང་མ་སོང་བར་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་གཉིས་དང་ཆུ་ཚོད་ཆན་ཝ་ཁྲི་4000ཟིན་པའི“ལྗང་གློག”གྲོས་མཐུན་བཞག་སྟེ། མཚོ་སྔོན་སྣུམ་ཞིང་གི་ལྗང་གློག་ཉོ་ཚོང་མེད་པ་ནས་ཡོད་པའི་བར་ཚད་བརྒལ་བྱུང་བ་རེད། 2026ལོའི་ཟླ་3ཚེས་11ཉིན། ཁའེ་ཁྲི་འོད་ཤུགས་གློག་ཁང་གིས་རིམ་རྩིས་བརྒྱབ་ན་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་10ལས་བརྒལ་ཞིང་། དེ་ནི་ཁོར་ཡུག་སྲུང་སྐྱོང་ཕན་འབྲས་ཀྱི་ལམ་ཚད་རྡོ་རིང་ཡིན་པ་ཙམ་མ་ཟད། “སྣུམ་རླངས་དང་ནུས་རྒྱུ་གསར་པ་ཟུང་དུ་འབྲེལ་བའི”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་གྱི་བླང་བྱ་དོན་འཁྱོལ་བྱེད་མགྱོགས་སུ་བཏང་བའི་གྲུབ་འབྲས་ཤིག་ཀྱང་རེད།
གློག་ཁང་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས། ཧྥན་ཧྥུའུ་མིན་ཚོགས་པས“དོ་དམ་སྤུས་ལེགས་དང་བཀོལ་སྤྱོད་ཞིབ་ཚགས་ཟུང་འབྲེལ”ཁྱབ་གདལ་བཏང་ནས་ཉིན་ལྟར་འོད་ཤུགས་ཤེལ་ལེབ་དང་། ལྡོག་སྒྱུར་ཡོ་བྱད། གློག་ཤུགས་སོགས་འགག་རྩའི་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་སྐོར་ཞིབ་ཀྱིས“གློག་ཚད་རེ་རེ་བརྩོན་ལེན་དང་འབྲུ་རྡོག་རེ་རེ་མཛོད་འཇུག”གི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གློག་འདོན་ལས་ཕྱོད་དང་སྒྲིག་ཆས་ཀྱི་བློས་འགེལ་རང་བཞིན་ཆེ་རུ་ནུས་ལྡན་སོང་བ་རེད།
ས་མཐོའི་མྱ་ངམ་ཐང་གི་འཚོ་བ་ནི་བྲོ་མེད་ཆོ་མེད་ལྟ་བུ་ཞིག་ཡིན་ལ་ཁོང་ཚོ་དང་མཉམ་རོགས་ནི་ལྷགས་རླུང་དང་ཉི་འོད་ལས་མེད་ནའང་། རུ་མི་རྣམས་ཀྱིས་རྟེན་གཞིར་བྱེད་སྒོ་ཁང་སྟབས་བདེ་བསྐྲུན་ནས་ཁོམ་དུས་སྤོ་ལོ་རྒྱག་པ་དང་ཁ་བརྡ་གློད་ནས་ནང་མི་དྲན་པའི་གདུང་བ་སེལ་ཐབས་བྱེད་ཀྱི་ཡོད། ལས་ཀར་གསར་དུ་ཞུགས་པའི་ལས་བཟོ་པ་ཀྲའོ་གོ་ཤིས་ཀྱིས་འོད་ཤུགས་ཤེལ་ལེབ་སྲུང་སྐྱོང་གི་འགན་འཁུར་གྱི་ཡོད་ཅིང་། ཁོང་གིས“ང་ནི་འོད་ཤུགས་ཤེལ་ལེབ་ཉི་མའི་རྗེས་སུ་སྙེག་པར་བལྟ་རྒྱུར་དགའ་པོ་ཡོད། དེ་ནི་ང་ཚོ‘ལྗང་གློག’གི་རྗེས་སུ་སྙེག་པ་དང་ཡོངས་སུ་མཚུངས། ཁོར་ཡུག་གི་དཀའ་སྡུག་ཇི་ཙམ་ཆེ་ཡང་། དུད་ཚང་ཁྲི་སྟོང་མང་པོར་གློག་སྒྲོན་དཀར་ཆེམ་མེར་སྦར་བ་ཡིད་ལ་འཁོར་སྐབས། བློས་གཏོང་ཡོད་ཚད་ལ་རིན་ཐང་ཡོད་པ་རེད་སྙམ་གྱི་འདུག”ཅེས་བརྗོད་པ་རེད།
ཧྥན་ཧྥུའུ་མིང་གིས་མིག་རྒྱང་རིང་དུ་ཕྱོགས་ནས“ང་ཚོ་ནི་ནུས་རྒྱུ་ཐོན་སྐྱེད་བྱེད་མཁན་ཞིག་ཡིན་པ་མ་ཟད། ལྗང་མདོག་འབྱུང་འགྱུར་གྱི་རྨོན་འདེབས་བྱེད་མཁན་དེ་བས་ཀྱང་ཡིན། ད་ལོའི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ང་ཚོས་སློབ་སྦྱོང་བྱས་པ་ཡིན་ལ། དེ་ནི‘ལྗང་མདོག’གི་ལས་ཀ་ཧུར་ཐག་བསྒྲུབ་རྒྱུ་དེ་རེད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།