དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱིས་མ་འོངས་ལ་བཅངས་པའི་བསམ་བཀོད་ཟམ་མི་ཆད་པར་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-20

    འདི་ནི་ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་ཡུས་ཧང་ཆུས་ཅིང་ཧྲན་གྲོང་རྡལ་གྱི་གྲོང་གསེབ་ཏུ་རི་སྔོ་ཆུ་དྭངས་དང་ཞིང་ཁྱིམ་གཅིག་ལ་གཅིག་རྒྱན་དུ་སྤྲས་པའི་རྣམ་པ་ཡིན་པ།

    འདི་ནི་ཧྲང་ཧའེ་གནམ་ས་གསར་པའི་ཐང་ཆེན་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བས་དམངས་སྲོལ་སྐོར་སྐྱོད་འཁྲབ་སྟོན་པ་དང་མཉམ་པར་རྒྱག་བཞིན་པ།

    འདི་ནི་ཧུའུ་པེ་ཧོང་ཀང་གྲོང་ཁྱེར་དབྱིང་ཧྲན་རྫོང་ཝུའུ་ཡུན་ཧྲན་ཇ་རར་དང་བླངས་པས་ཁ་པར་ནས་ཐད་གཏོང་བྱས་ཏེ་ཇ་འདེབས་ཞིང་པར་བྲིན་ཚོང་ཐབས་ལམ་རྒྱ་སྐྱེད་གཏོང་རོགས་བྱེད་པ།

    འདི་ནི་ཀྲུང་གོ་ཞུང་ཨན་ཚོགས་པ་གྲངས་འཛིན་གྲོང་ཁྱེར་ཚན་རྩལ་ཚད་ཡོད་ཀུང་སིའི་གཟུགས་ཅན་རིག་ནུས་སྦྱོང་བརྡར་བྱ་ཡུལ་དུ་ལས་དོན་པས་འཕྲུལ་མིར་གཟུགས་ཅན་རིག་ནུས་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་ཨན་ཧུའེ་ཧོ་ཧྥེ་གྲོང་ཁྱེར་ཤིན་ཆའོ་རིག་ནུས་གློག་སྒུལ་རླངས་འཁོར་ཐོན་ལས་གླིང་གི་ཝེ་ལའེ་བཟོ་གྲྭ་གཉིས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱ་ཡུལ་ཡིན་པ།

    ལྗང་མདོག་ཐཱན་ཉུང་ནས་ཚན་རྩལ་གསར་གཏོད་བར་དང་། བསྟུན་མཁས་རང་བཞིན་འཕེལ་རྒྱས་ནས་ཆུ་ཚད་མཐོ་བའི་སྒོ་དབྱེ་བར། ཤེས་དཔལ་གླེང་མོལ་ནས་གོ་ལ་ཧྲིལ་པོའི་མཉམ་ལས་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱིས་མ་འོངས་ལ་བཅངས་པའི་བསམ་བཀོད་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་དེ་བས་མང་བས་བར་ཐག་ཉེ་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལྟ་ཞིབ་གཏིང་ཟབ་བྱས་པ་བརྒྱུད། བསྡོམས་ཚིག་འདི་འདྲ་ཞིག་ཐོབ་པ་སྟེ། ཀྲུང་གོ་མཐོང་སྐབས་འཛམ་གླིང་གི་མ་འོངས་ཀྱི་རྣམ་པ་མཐོང་ཐུབ། ཀྲུང་གོ་ཤེས་ན་མིའི་རིགས་ཀྱི་འབྱུང་འགྱུར་ཤེས་ཐུབ།

    ཐོན་ལས་མ་ལག་གི་མཆོང་སྐྱོད་ལས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་མངོན་པ།

    པའོ་ཧྲའོ་ཧྲན། (ཨོ་སི་ཁྲུ་ལི་ཡ)

    རྒྱལ་ཁབ་ཅིག་དང་སྤྱི་ཚོགས་ཤིག་དངོས་འབྲེལ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་འདི་ནི་དངོས་ཡོད་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་ཐུབ་པ་ཙམ་མ་ཡིན་པར་འགྲན་སློང་ལ་ཁ་གཏད་གཅོག་པའི་བརྒྱུད་རིམ་ནང་དེས་གསར་བཅོས་བྱེད་ཐུབ་པའི་རྐྱེན་གྱིས་རེད་ལ། དེས་ཐོག་མར་མ་འོངས་པའི་དོན་སྤྱི་བཏོན་པའི་རྐྱེན་གྱིས་མ་ཡིན་པར་ཐོག་མར་མ་འོངས་པར་སླེབས་པར་ཆ་རྐྱེན་བསྐྲུན་པའི་རྐྱེན་གྱིས་ཡིན། འདས་ཟིན་པའི་ལོ་10ལྷག་ཙམ་རིང་། ཀྲུང་གོས་ཐོན་ལས་མ་ལག་མཆོང་སྐྱོད་ཀྱི་འཕེལ་རྒྱས་ལག་ལེན་ལ་སྐུལ་འདེད་བཏང་བ་ལས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ཤིག་གསལ་པོར་མངོན་པ་སྟེ། ཀྲུང་གོས་མ་འོངས་པར་རེ་སྒུག་བྱས་ནས་མི་སྡོད་པར་དེང་སྐབས་ལ་བརྟེན་ནས་འབྱུང་འགྱུར་གཏོད་པ་དེ་རེད།

    ད་ཆ་ཀྲུང་གོའི་གྲོང་ཁྱེར་ཆེ་གྲས་སམ་ཡང་ན་གྲོང་ཁྱེར་འབྲིང་ཆུང་གང་དུ་ཡིན་རུང་། གློག་སྒུལ་ཕྱིར་སྐྱོད་དང་། རིག་ནུས་སྡེབ་སྐྱེལ། གྲངས་འཛིན་ཅན་གྱི་ལས་སྟེགས་ཞབས་ཞུ་བཅས་ནི“འབྱུང་འགྱུར་གྱི་འཆར་གཞི”མིན་པར། སྤྱིར་བཏང་མིས་ཐད་ཀར་ཚོར་ཐུབ་པའི་དངོས་ཡོད་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་རེད། སྤྱིར་བཏང་མིའི་ངོས་ནས་བརྗོད་ན། གྲངས་འཛིན་ཅན་དེ་དངུལ་སྨར་ལག་སྤྲོད་མ་ཡིན་པའི་གཏོང་སྤྲོད་དང་། དྲ་ཐོག་ཚོང་དོན། “ཡུལ་དུས་ཀུན”བཅས་ཀྱི་སྟབས་བདེའི་འཚོ་བ་མཚོན་གྱི་ཡོད། ཁེ་ལས་ཀྱི་ངོས་ནས་བརྗོད་ན། གྲངས་འཛིན་ཅན་དེ་ཟོག་འགྲུལ་ལེགས་གཏོང་དང་། ཐོན་སྐྱེད་རང་འགུལ་ཅན། ཞིང་ལས་ཐོན་འཕར། མཁོ་སྤྲོད་འཁོར་འབྲེལ་མཐུན་སྦྱོར་བཅས་ཀྱི་ཐོག་ནས་མངོན་གྱི་ཡོད། འགྱུར་ལྡོག་དེ་དག་ལས་མ་འོངས་ནི་རྒྱང་ལྟ་ཁོ་ནའི་ཁྲོད་དུ་གནས་པ་མ་ཡིན་པར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་མ་ལག་རིམ་འགྱུར། ལག་རྩལ་ནུས་པ་གསོག་འཇོག་བཅས་བྱས་པ་བརྒྱུད། དངོས་ཡོད་སྒྲིག་ལམ་གྱི་ཆ་ཤས་ཤིག་ཏུ་དངོས་སུ་འགྱུར་བ་མཚོན་ཡོད།

    ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལས་འཐབ་ཇུས་ཀྱི་མིག་རྒྱང་དངོས་འབྲེལ་རིང་བའི་རྒྱལ་ཁབ་ཅིག་ཡིན་ཕྱིན་ངེས་པར་དུ་ཐོན་སྐྱེད་དང་། འཁོར་རྒྱུག བེད་སྤྱོད་སོགས་བརྒྱུད་རིམ་ཧྲིལ་པོ་ནས་འགོ་བཙུགས་ཏེ། སྤྱི་ཚོགས་མ་ལག་ཧྲིལ་པོའི་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས་པ་གསལ་བཤད་ཐུབ་ཡོད། ཀྲུང་གོའི་ལག་ལེན་ལས་སུ་ཞིག་གིས་གློག་ཤུགས་ཅན་དང་། གྲངས་འཛིན་ཅན། བརྒྱུད་རིམ་རང་བཞིན་བཅས་ཀྱི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ཚེ། དེས་མ་འོངས་པའི་འཕེལ་རྒྱས་ཁྲོད་རང་འགུལ་གྱི་དབང་ཆ་བཟུང་ཐུབ་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་ནུས་པ་དེ་བས་ཆེ་བ་ཡང་ལྡན་ཐུབ་པ་གསལ་བཤད་བྱེད་ཐུབ། དེ་ནི་ཀྲུང་གོས་འཛམ་གླིང་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བློ་སྒོ་གལ་ཆེན་ཕྱེ་བའི་གྲས་ཤིག་རེད།

    ཀྲུང་གོས་མ་འོངས་བསྒུགས་ནས་མི་སྡོད་པར་དངོས་ཡོད་ཁྲོད་མ་འོངས་པ་འཛུགས་སྐྲུན་བྱེད་ཀྱི་ཡོད། རེ་སྟོངས་ཁོ་ན་བཅངས་ནས་མ་བསྡད་པར་ཐོན་ལས་དང་། རྨང་གཞིའི་སྒྲིག་བཀོད། ལག་རྩལ། ལམ་ལུགས་བཅས་ཀྱི་ཐད་མ་འོངས་པ་གོམ་པ་རེ་རེ་བཞིན་གཏོད་ཀྱི་ཡོད། མ་འོངས་པར་རྒྱལ་ཁབ་ཉུང་ཤས་ཤིག་གིས་དེང་རབས་ཅན་གྱི་ཐབས་ལམ་སྒེར་སྡེམ་བྱ་རྒྱུ་མིན་པར་རྒྱལ་ཁབ་དེ་བས་མང་བས་རང་ངོས་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་དངོས་ཡོད་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་ཀྱི་ཡོད། མ་འོངས་པ་རྒྱང་ཐག་རིང་པོ་མེད་པར་དེང་གི་ཀྲུང་གོ་ནས་དེ་བས་ཁ་གསལ་བའི་མ་འོངས་པའི་རྣམ་པ་ཞིག་མངོན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དེང་སྐབས་ལ་བརྟེན་ནས་མ་འོངས་པ་གསར་གཏོད་བྱེད་བཞིན་ཡོད་པ་དང་། འདི་ལྟ་བུའི་མ་འོངས་པ་ཀྲུང་གོར་དབང་བ་མ་ཟད། འཛམ་གླིང་ལ་གོ་སྐབས་ཀྱང་གསར་གཏོད་བྱེད་བཞིན་ཡོད། (རྩོམ་པ་པོ་ནི་ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲི་ལན་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཅིག་ལྕོགས་ཡིན་པ)

    ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ནས་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱེད་པ།

    མོན་ཏུའུ། (ཁ་མེ་རོང)

    ཀྲུང་གོའི་ས་གཞི་ཆེ་མོར་སྐྱོད་སྐབས་ང་ལ་དད་འདུན་ཟབ་མོ་ཞིག་སྐྱེས་བྱུང་། རྒྱལ་ཁབ་ཅིག་གི་མ་འོངས་པར་རྒྱང་ལྟ་བྱེད་སྐབས་དེས་དམངས་ཚོགས་དཀྱུས་མར་ལྟ་སྟངས་ཇི་ལྟར་འཛིན་མིན་ལ་བལྟ་དགོས་པ་དང་། འཕེལ་རྒྱས་གཏོང་སྟངས་ཤིག་ལ་ཤན་འབྱེད་བྱེད་སྐབས་དེས་མི་དམངས་ཡོངས་ལ་དངོས་འབྲེལ་ཕན་པ་ཐོབ་མིན་ལ་བལྟ་དགོས།

    འདི་ལོའི་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག“ཐུན་མོང་ཕྱུག་འགྱུར”ནི་སྔར་བཞིན་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་འགག་རྩའི་མིང་ཚིག་ཅིག་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་དང་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་མཐོ་རུ་བཏང་བ་ནས་དམངས་འཚོ་ཐ་སྐྱོང་འགན་སྲུང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བར། ངས་ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་མི་དམངས་ལ་ཁས་ལེན་ནན་པོ་བྱས་པ་མཐོང་བ་མ་ཟད། “དེང་གི་ཀྲུང་གོ་ནི་མ་འོངས་པའི་འཛམ་གླིང་ཡིན་པའི”རྒྱུ་མཚན་ཡང་ཤེས་བྱུང་།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་པ་ནི་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་ལ་གཞི་ཁྱོན་ཆེ་བ་ཙམ་མ་ཟད། དེང་རབས་ཅན་གྱི་རིན་ཐང་གི་ནང་དོན་ཏེ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་ཀྱི་མཚན་ཉིད་བསྐྱར་དུ་བཞག་པར་དེ་བས་ཀྱང་རག་ལས་པ་རེད། ཐུན་མོང་ཕྱུག་འགྱུར་ནི་ཆ་སྙོམས་རིང་ལུགས་གཏན་ནས་མིན་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞི་ཚུགས་ཏེ་མི་ཚང་མར་འཕེལ་རྒྱས་ཀྱི་གོ་སྐབས་དང་། འཚོ་བ་འགན་སྲུང་། འབད་བརྩོན་གྱི་ཁ་ཕྱོགས་བཅས་ལྡན་པར་བྱེད་པ་ཞིག་ཡིན་ལ། ཐུན་མོང་ཕྱུག་འགྱུར་ནི་གནས་སྐབས་ཀྱི་བྱ་སྤྱོད་ཅིག་མིན་པར་རྒྱལ་ཁབ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ཡུན་རིང་གི་དོན་གཉེར་ཞིག་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་ལས་འཕེལ་རྒྱས་ལ་རེ་སྒུག་དང་དྲང་གཞག་དོན་གཉེར་བྱེད་པའི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཡིད་ཆེས་སྦྱིན་པ་དང་ཁ་ཕྱོགས་གསལ་སྟོན་ཡང་བྱས་ཡོད།

    ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན། ཀྲུང་གོའི་ད་ཆ་ནི་ང་ཚོའི་སེམས་ཀྱི་སྨོན་ཡུལ་དང་ལག་ལེན་བྱ་རྒྱུའི་མ་འོངས་པ་ཡིན། ང་ཚོས་འཕེལ་རྒྱས་ལ་རེ་སྒུག་བྱེད་ཀྱི་ཡོད་ལ། སྐྱེ་བོ་མཐའ་དག་ཞུགས་ནས་ཚང་མར་ཕན་པ་ཐོབ་པའི་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་དེ་བས་ཀྱང་རེ་སྒུག་བྱེད་ཀྱི་ཡོད། ང་ཚོས་དེང་རབས་ཅན་དོན་གཉེར་བྱེད་ཀྱི་ཡོད་ལ་རྒྱལ་ཁབ་རང་གི་གནས་ཚུལ་ལ་གཞི་ཚུགས་པ་དང་རང་ངོས་ཀྱི་དོན་དངོས་དང་མཐུན་པའི་རང་ཡུལ་ཅན་གྱི་དེང་རབས་ཅན་ལ་དེ་བས་ཀྱང་དོན་གཉེར་བྱེད་ཀྱི་ཡོད། ཀྲུང་གོའི་ལག་ལེན་གྱི་ཐོག་ནས་དེང་རབས་ཅན་དུ་འགྱུར་བར་ཐབས་ལམ་ཉག་གཅིག་ལས་མེད་པ་ཞིག་གཏན་ནས་མིན་པ་དང་། འཕེལ་རྒྱས་ནི་དྲང་གཞག་བློས་གཏོང་བྱས་ནས་དོན་གཉེར་བྱེད་དགོས་པ་ཞིག་མིན་པར་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་ཉིད་ལ་འཚམ་པའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་ཐུབ་པ་ར་སྤྲོད་གང་ལེགས་བྱུང་ཡོད།

    ཐུན་མོང་ཕྱུག་འགྱུར་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཙམ་མིན་པར་མིའི་རིགས་འཕེལ་རྒྱས་ཀྱི་ཕུགས་བསམ་གྱི་དཔེ་མཚོན་ཞིག་དེ་བས་ཀྱང་ཡིན་པར་ངས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། མི་སུ་ཞིག་ཀྱང་རྗེས་སུ་ལུས་པར་མི་བྱེད་པ་དང་། དམངས་ཡོངས་ཀྱི་བདེ་སྐྱིད་བརྟན་སྲུང་། ཞི་བའི་འཕེལ་རྒྱས་མཐའ་འཁྱོངས། འཛམ་གླིང་ལ་བདེ་སྐྱིད་བསྐྲུན་པར་གཞོལ་བ་བཅས་ཀྱི་ཀྲུང་གོ་ནི་དུས་རབས་འདིར་ཆེས་རེ་སྒུག་བྱེད་འོས་པའི་མ་འོངས་པ་རེད།

    (རྩོམ་པ་པོ་ནི་པེ་ཅིང་སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་དང་ཀྲུང་ཧྥེ་དམངས་ཁྲོད་ཚོང་ཚོགས་རྒྱལ་སྤྱིའི་སྤེལ་རེས་པུའི་ཀྲུའུ་རེན་ཡིན)

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པའི་ཐབས་ལམ་འཚོལ་ཞིབ་བྱེད་པ།

    ཝ་ལི་ཏེ·ཅི་ཏན། (ཨེ་ཅིབ)

    དུས་རབས་གསར་པ་ཤར་ཚུན། ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་བརྟན་པོ་བཙུགས་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད། ཀྲུང་གོས་དཔལ་འབྱོར་འཕར་བ་དང་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བར་བསྐྱར་དུ་མཚན་ཉིད་བཞག་ནས་མིའི་རིགས་ཀྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མ་འོངས་པ་འཚོལ་ཞིབ་བྱ་རྒྱུར་བློ་སྒོ་གལ་ཆེ་ཕྱེ་ཡོད།

    རྒྱུན་མཐུད་ཆོག་པའི་ཞིང་ལས་དང་། སྐྱེ་ཁམས་སླར་གསོ། གྲོང་ཁྱེར་འཆར་འགོད། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་ལག་ལེན་གྱིས་གོ་ལ་ཧྲིལ་པོའི་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ལ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མ་འོངས་པ་གཏོད་པར་ཡང་དངོས་ཡོད་ཀྱི་ཐབས་ལམ་མཁོ་འདོན་བྱས་ཡོད། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དག་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་བསྐྱོད་པ་དང་། ལྗང་མདོག་བར་མཐོངས་དང་གྲོང་ཁྱེར་གྱི་འཆར་འགོད་ཟུང་འབྲེལ། གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཚུར་བསྡུ་བཅས་ནི་སྤྱི་དམངས་ཀྱི་རང་རྟོགས་བྱ་སྤྱོད་དུ་གྱུར་པ་སོགས་ས་གནས་རང་གི་སྡེ་ཁུལ་གྱི་དམངས་ཚོགས་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་དེ་དག་གི་ཁྲོད་ཧུར་ཐག་ཞུགས་པ་མཐོང་བྱུང་། ངས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་མ་འོངས་པ་ནི་སྤྱི་ཁོག་ཐད་ཀྱི་ལམ་ལུགས་དང་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཁ་འབྲལ་ཐབས་མེད་ལ། སྤྱི་ཚོགས་ལས་རིགས་ཁག་རྒྱ་ཁྱབ་ངང་ཞུགས་པ་དང་ཐུན་མོང་གི་འབད་བརྩོན་དང་ཡང་ཁ་འབྲལ་ཐབས་མེད་ཅིང་། དེ་དག་ཚང་མ་ངའི་མིག་མདུན་གྱི་ཀྲུང་གོར་འབྱུང་བཞིན་ཡོད་པ་ཤེས་རྟོགས་བྱུང་།

    ངས་ཀྲུང་གོར་མཐོང་བ་ནི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ཙམ་མ་ཡིན་པར་མ་འོངས་པར་ཁ་ཕྱོགས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཤིག་ཀྱང་ཡིན། ཚན་རིག་ཞིབ་འཇུག་དང་། སྲིད་གཞུང་གིས་བཅོས་སྐྱོང་། སྤྱི་ཚོགས་ཀྱི་བྱ་སྤྱོད་བཅས་ཡུལ་ཕྱོགས་འདིར་མཉམ་ཤུགས་ཤིག་ཏུ་གྱུར་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནི་རེ་འདུན་ནས་དངོས་ཡོད་དུ་གྱུར་ཡོད། ཁོར་ཡུག་གི་འགན་འཁྲི་དེ་འཕེལ་རྒྱས་གཏོང་བའི་སྲོག་ཤིང་དུ་བརྩིས་ན། རྒྱུན་མཐུད་ཆོག་པའི་དེང་རབས་ཅན་གྱི་བགྲོད་ལམ་ཞིག་ཏུ་མིའི་རིགས་ཡོངས་སུ་བསྐྱོད་ཐུབ་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད། “མཛེས་སྡུག་ལྡན་པའི་ཀྲུང་གོ”ནི་རྒྱལ་ཁབ་གཅིག་གི་འཕེལ་རྒྱས་ཀྱི་རེ་འདོད་ཡིན་པ་དང་།“མཛེས་སྡུག་ལྡན་པའི་འཛམ་གླིང”ནི་མིའི་རིགས་ཀྱིས་ཐུན་མོང་ཐོག་བརྩོན་ལེན་བྱེད་པའི་མ་འོངས་པའི་རྣམ་པ་ཞིག་ཡིན་པར་ངས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བྱེད་བཞིན་ཡོད། རང་བྱུང་ཁམས་ལ་བརྩི་འཇོག་དང་། སྐྱེ་ཁམས་སྲུང་སྐྱོང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཀྲུང་གོ་ཞིག་གིས་འཛམ་གླིང་ལ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མ་འོངས་པའི་རྣམ་པ་གཏོད་བཞིན་ཡོད་པ་དང་། ལག་ལེན་དང་ཉམས་མྱོང་དེས་མིའི་རིགས་ཡོངས་ལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་བར་ཡིད་ཆེས་དང་སྟོབས་ཤུགས་ཆེན་པོ་བསྣན་ཡོད།

    (རྩོམ་པ་པོ་ནི་ཨེ་ཅིབ་ཞིང་ལས་ཞིབ་འཇུག་ལྟེ་གནས་ཀྱི་རྩི་ཤིང་སོན་གསོ་དང་ཆ་རྡུལ་སྐྱེ་དངོས་རིག་པའི་དགེ་རྒན་ཆེ་མོ་བ་གཞོན་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།