མཚོ་སྔོན་གྱིས་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་སྟོབས་ཆེར་བཏང་བ།
ས་མཐོར་ས་ཆ་གཞན་ལས་དཔྱིད་འདེབས་ཕྱི་ཙམ་ཡོད། ཟླ་བཞི་པའི་ཟླ་དཀྱིལ་དུ། ཆ་སྙོམས་ས་བབ་སྨི་3100ཟིན་པའི་མཚོ་སྔོན་དུར་ལམ་རྫོང་དུ་འདྲེ་ཚེར་མ་མུའུ་ཁྲི་21ལྷག་ཙམ་ཡལ་བཞུར་རྒྱག་པ་དང་། ས་སློག་རྒྱག་པ། ལུད་རྒྱག་པ་བཅས་ཀྱི་ནམ་དུས་ཡིན་པ་རེད།
“འདྲེ་ཚེར་མ་དེ་སྔ་སྐམ་ནས་འཚོང་གི་ཡོད་པ་དང་། ད་ཆ་སྒོ་རྩིས་ཚོང་ཁང་དུ་སོས་པ་འཚོང་གི་ཡོད”ཅེས་དཔྱིད་དཔལ་བཞད་པ་དང་བསྟུན་ནས་འདེབས་འཛུགས་ཞིང་པ་ཀྲང་ཡན་ཤའོ་ཡིས་དགའ་ཚོར་ཆེན་པོས་བཤད།
ཕྱིར་ཚོང་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་པ་ལས་ཐོན་ལས་འཕེལ་རྒྱས་ཀྱི་འགྱུར་ལྡོག་མཚོན། 2025ལོར་དུར་ལམ་རྫོང་གི་འདྲེ་ཚེར་མ་སོས་པའི་ཐོན་རྫས་རིན་ཐང་སྒོར་ཁྲི་4127ཟིན་པ་དང་། བསྡོམས་རྩིས་ཀྱི་ཚད་གཞི་ལྟར་ན་དུས་མཚུངས་ལས་578.11%འཕར་ཡོད་པ་རེད།
འདྲེ་ཚེར་མ་ཙམ་མ་ཟད། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་སོས་པ་དེ་བས་མང་བ་འཛད་སྤྱོད་པས་བྲོ་བ་མྱོང་ཐུབ་ཀྱི་ཡོད།
2024ལོའི་ཟླ་བ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“ཞིང་ཆེན་ནང་ཁུལ་གྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་ཟི་ལིང་དང་། མཚོ་ཤར། མཚོ་ནུབ་བཅས་ཀྱི་འདེགས་སྐྱོར་ནུས་པ་ཡག་པོ་བཏོན་ཏེ་རྫོང་ཁོངས་དཔལ་འབྱོར་དང་ཁྱད་ལྡན་ཐོན་ལས་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་དགོས”ཞེས་གསུངས་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“མཁོ་སྤྲོད་དུས་བབ་ཀྱི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་སྲིང་བལ་དང་། སྣུམ། མངར་ཆ། འགྱིག་སོགས་ཞིང་ལས་ཐོན་རྫས་གཙོ་བོ་དང‘ཤ་ཚལ་སྒོང་གསུམ’གྱི་ཐོན་རྫས་ཐོན་སྐྱེད་འཕེལ་རྒྱས་བརྟན་པོ་བཏང་ནས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་དགོས”ཞེས་བཏོན་ཡོད།
མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་བས་གཅིག་སྡུད་ནུས་ལྡན་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་མགྱོགས་མྱུར་བཏོད་པ་དང་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་སྟོབས་ཆེར་བཏང་ཡོད།
རིན་ཐང་འཕར་བར་ངེས་པར་དུ་ལེགས་ཆ་འཚོལ་དགོས།
ཡུལ་ཟོག་ཚོང་ཁང་ནས་ཤིང་འབྲས་ཚོང་ཁང་དུ་གནས་སྤོས་པས་འདྲེ་ཚེར་མའི་རིན་གོང་ལྡབ་འཕར་བྱུང་ཡོད།
“འདྲེ་ཚེར་མ་སོས་པ་རྒྱ་མ་གང་ལ་སྒོར་65རག་གི་ཡོད་པ་དེ་འདྲེ་ཚེར་མ་སྐམ་པོར་བཙོངས་པ་ལས་རིན་གོང་ལྡབ་3གྱིས་མཐོ་བ་ཡོད”ཅེས་མཚོ་སྔོན་ཡུན་ཅིང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཝང་ཧྲུའུ་ཆིན་གྱིས་མྱོང་ཚོར་ཟབ་མོས་བཤད་ཅིང་། ཁོང་གིས“འདྲེ་ཚེར་མ་སོས་པའི་ཐོན་འབབ་དང་པོའི་མངགས་ཐོ་མྱུར་པོ་འཕར་བས་ང་ཚོས་ས་ཞིང་མུའུ་500བོགས་མར་བླངས་ནས་འདྲེ་ཚེར་མ་འདེབས་རྩིས་ཡོད”ཅེས་བཤད།
དེ་སྔ་འདྲེ་ཚེར་མ་འདེབས་པ་དང་ཚོང་སྐབས་འདྲེ་ཚེར་མ་སྐམ་པོའི་རྡོག་པོ་ཆེ་ཆུང་བསྡུར་གྱི་ཡོད། མཚོ་སྔོན་དུ་ཐོན་ཡུལ་དང་ཐོན་ནུས་ཀྱི་ལེགས་ཆ་ལྡན་མོད། འོན་ཀྱང་ལས་སྣོན་དང་ཕྱིར་ཚོང་ཐབས་ལམ་བལྟོས་བཅས་ཀྱིས་ཞན་པས་རིན་གོང་མཐོ་པོ་རག་གི་མེད།
ཁྲོམ་ར་དང་འཚམ་པར་བྱས་ནས་བསམ་ཕྱོགས་འགྱུར་ལྡོག་བཏང་སྟེ། མཚོ་སྔོན་གྱིས་འདྲེ་ཚེར་མ་སོས་པའི་དྲོད་ཚད་ཚོད་འཛིན་དང་། ཟད་གྲོན། གྲང་ཕྲེང་དྲོད་ཚད་བཅས་ཚགས་ཚུད་དུ་བཏང་སྟེ། རྒྱལ་ཁབ་ཀྱི་ཚད་གཞི་དང་ཕྱོགས་ཡོངས་ནས་དོ་སྙོམས་ཡོང་བར་བྱས་པ་རེད། འདི་ལོ་མཚོ་སྔོན་གྱིས་ཧྭ་ཏུང་དང་ཧྭ་ནན་སོགས་འདྲེ་ཚེར་མ་སོས་པའི་གཙོ་གནད་འཛད་སྤྱོད་གྲོང་ཁྱེར་དུ་མཛོད་ཁང་བསྐྲུན་པར་སྐུལ་འདེད་ཤུགས་ཆེན་བཏང་ནས“ཐོན་ཡུལ་ནས་གྲང་སངས་གཏོང་བ་དང་། གྲང་ཕྲེང་སྐྱེལ་འདྲེན་བྱེད་པ། ཚོང་ཡུལ་གྱི་གྲང་མཛོད་དུ་ཉར་བ”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གྲང་ཕྲེང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ཡོད།
“ང་ཚོའི་མིག་སྔའི་ལས་དོན་གྱི་གཙོ་གནད་འདྲེ་ཚེར་མ་སོས་པ་གཉེར་སྐྱོང་ལ་བསྒྱུར་ནས་སྐྱེ་ལྡན་འདྲེ་ཚེར་མ་ཚད་ལྡན་ཅན་གྱི་འདེབས་འཛུགས་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད། སྤུས་རྟགས་ཅན་གྱི་ཁྱབ་གདལ་བཅས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད”ཅེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཧྥེང་ཝུའེ་ཡིས་བཤད་པ་དང་། ཁོང་གིས། མིག་སྔར“བརྒྱུད་རིམ་ཧྲིལ་པོའི་གྲང་ཕྲེང”གི་ཚད་གཞི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་། ཚྭ་འདམ་གཤོངས་སའི་ཐོན་ཁུལ་དུ་སོས་ཉར་གྱི་ཐོན་སྐྱེད་སྒྲུབ་རིམ་43བསྐྲུན་པ། འདྲེ་ཚེར་མའི་འཁྱག་མཛོད་སྨི་རྒྱ་དཔངས་ངོས་གྲུ་2355བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཡོད།
ཐོན་ཁུངས་ཀྱི་ལེགས་ཆ་འདོན་པར་ཐབས་སྒྱུར་འཕེལ་རྒྱས་ལ་སྣང་ཆེན་བྱེད་དགོས།
མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཐའེ་ཙི་ཤང་གི་ཞིང་ཕྱུག་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཅིན་ཡུང་མིང་གིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཐིགས་ཆུ་གཏོང་བའི་སྒྲིག་ཆས་རིམ་སྤོར་བྱས་པ་རེད།
“ང་ཚོའི་སྔོ་ཚལ་ཚད་ལྡན་ཅན་གྱི་འདེབས་འཛུགས་བྱས་ཏེ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ལ་ཐད་ཀར་མཁོ་འདོན་བྱེད་ཀྱི་ཡོད། ལོ་ལྔའི་གོང་དང་བསྡུར་ན་འདེབས་ཁྱོན་ལྡབ་3འཕར་བ་དང་ན་ནིང‘དབྱར་ཁའི་སྔོ་ཚལ’གྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1200ཟིན་ཡོད”ཅེས་ཅིན་ཡུང་མིང་གིས་བཤད།
གནམ་གཤིས་གྲང་བ་དང་། ས་བབ་མཐོ་བ། ཆར་ཆུ་དཀོན་པ་བཅས་ནི་ས་མཐོའི་ཞིང་ལས་འཕེལ་རྒྱས་ཀྱི་ཞན་ཆ་ཞིག་རེད། ས་ཁུལ་ཁག་གཅིག་ཏུ་དྲོད་ཚད་མཐོ་དྲགས་པའི་དབང་གིས་སྔོ་ཚལ་གྱི་ཐོན་འབབ་ཆག་ནས་དབྱར་ཁ་སྔོ་ཚལ་དཀོན་པར་དམིགས་ཏེ། མཚོ་སྔོན་གྱིས་ས་མཐོའི་གྲང་སོས་སྔོ་ཚལ་ཏུན་ཁྲི་རིམ་པའི་ཕྱིར་གཏོང་ཐོན་ལས་ཁྱུ་ཚོགས་བསྐྲུན་པ་དང་། ན་ནིང་མཚོ་སྔོན་གྱི་ས་མཐོའི་གྲང་སོས་སྔོ་ཚལ་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་1.1ཟིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཉ་ཡི་རིགས་གཅིག་གང་སར་སྐད་གྲགས་ཆོད་ཡོད།
ཚ་རྔ་འགག་ཆུ་མཛོད་ཀྱི་ཆུ་ངོས་སུ་སྒོར་དབྱིབས་ཆེན་པོ་མང་པོ་ཟླུམ་འཁྱིལ་ལེར་ཡོད་པ་དེ་དག་ནི་ཆེད་མངགས་ཆུ་གྲང་ཉ་སལ་མོན་གསོ་ཚགས་བྱེད་ས་རེད། ཆུ་མཛོད་ཀྱི་ཆུའི་དྲོད་ཚད་བརྟན་པོ་ཡོད་པས་ཉ་དེ་རིགས་སྐྱེ་འཚར་ལ་ཧ་ཅང་འཚམ་པོ་ཡོད་ཅིང་། འདི་ལོའི་ཟླ་དང་པོ་དང་གཉིས་པར། མཚོ་སྔོན་གྱིས་སྒོར་ཁྲི་81902.1རི་བའི་ཆུ་གྲང་ཉ་སལ་མོན་དང་དེའི་ཐོན་རྫས་ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་29.4%འཕར་ཡོད་པ་རེད།
མིག་སྔར། མཚོ་སྔོན་གྱིས་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། འཁོར་འབྲེལ་གཙོ་བོ་རྣམ་པའི་ཁེ་ལས་ཡག་པོ་གཉེར་བ། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་མཁོ་སྤྲོད་དང་། ལས་སྣོན་ཞིབ་ཚགས། སྤུས་རྟགས་རིན་ཐང་བཅས“འཁོར་འབྲེལ་གསུམ་གཞི་གཅིག”ལ་སྐུལ་འདེད་གཏོང་བ། གྲང་སོས་སྔོ་ཚལ་དང་ཆུ་གྲང་ཉ་ཕྱིར་གཏོང་གི་གཞི་ཁྱོན་ཆེ་རུ་བརྟན་པོ་གཏོང་བ། ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་10%ཡན་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས“ས་གཙང་མཚོ་སྔོན། ས་མཐོའི་ལྷད་མེད་ཐོན་རྫས”ཀྱི་གསེར་བྱང་རྒྱུན་མཐུད་བཏོད་ཡོད།
“མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་ཡུལ་བབ་དང་བསྟུན་ནས་ཆོས་ཉིད་ལྟར་ལས་དོན་སྒྲུབ་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྨང་གཞིར་བྱེད་པ། ཐོན་ཡུལ་གྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱེད་པ། སྲོལ་རྒྱུན་ཐོན་ལས་དེ་ལེགས་ཆའི་ཐོན་ལས་སུ་སྒྱུར་བ། ས་མཐོའི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་འཁོར་འབྲེལ་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་། ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་བཅས་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།