གྲོང་སྡོད་ལས་དོན་ཧུར་ཐག་སྒྲུབ། རེ་བའི་འབྲས་བཟང་རབ་ཏུ་སྨིན།
—— ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་གྲོང་གསེབ་དར་རྒྱས་ཀྱི་རྒྱུགས་ལན།
ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པ་བརྗེ་པོ་བརྒྱབ་ཚུན། གྲོང་སྡོད་ལས་བྱེད་པ་དེ་དག་གིས་འདྲ་ཆགས་པོ་མི་བྱེད་པ་དང་ཁ་སྟོང་པ་མི་ཤོད་པར། མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་སྐོང་བ་དང་གྲོང་ཚོའི་དོན་དངོས་ཀྱི་འགག་གནད་སེལ་རྒྱུ་ནས་འགོ་བཙུགས་ཏེ་ལས་དོན་དངོས་སྒྲུབ་ཀྱི་ཡོད།
ས་མཐོར་ལྗོན་གསར་ཚོད་འདེབས་བྱས་ཏེ་རེ་བའི་མྱུ་གུ་འབུས་པ།
དཔྱིད་ཟླ་གསུམ་པར། ས་བབ་སྨི་3810ཟིན་པའི་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་བསུ་སྡོམ་གྲོང་ཚོའི་དྲོད་ཁང་ཆེན་པོའི་ནང་དྲོ་སོབ་སོབ་ཡོད་ཅིང་། དྲི་ཞིམ་དཔྱིད་སྡོང་སྡོང་རྐང་700ལྷག་ཙམ་ལ་མྱུ་གུ་འབུས་ནས་སྔོ་ཐིང་ཐིང་དུ་གྱུར་ཡོད།
ཡུལ་མི་བསོད་ནམས་ཚེ་རིང་གིས་དལ་བུར་བསྐྱོད་དེ་གཟབ་གཟབ་ངང་སྡོང་པོའི་སྐྱེ་ཚུལ་ལ་བལྟས། ཚོད་འདེབས་ཐེངས་དང་པོ་ལེགས་གྲུབ་བྱུང་བའི་སྤྲོ་སྣང་མ་ཡལ་གོང་ནས་ཟླ་བ་ཁ་ཤས་སོང་རྗེས་གཞི་ཁྱོན་ཆེན་པོས་འབྲས་བུ་འཐུ་བར་ཁོང་གིས་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།
འགྱུར་ལྡོག་འདི་འདྲ་གཏོང་མཁན་ནི། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཀྲང་ཧྲན་ཧྲན་ཡིན་ཞིང་། ཁོང་ནི་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཞིབ་འཇུག་པ་ཞིག་རེད། ཁོང་གིས་གཞུང་ལས་ཁང་དུ་འཆར་འགོད་བྱས་ནས་མ་བསྡད་པར་ཞིང་ནང་དུ་ཚོད་ལྟ་བྱེད་པར་བསྐྱོད་དེ། ཉིན་ཕྱེད་ཙམ་བསྡད་ནས་འདམ་གྱིས་འགོས་པའི་ལག་གཉིས་པོས་ཡུལ་མི་ཚོར་རྩ་སྤོས་རྒྱག་པ་དང་། ལུད་རྒྱག་པ། དྲོད་ཚད་སྙོམས་འཛིན་བཅས་བྱེད་སྟངས་དམར་ཁྲིད་བྱེད་ཀྱི་ཡོད།
དྲི་ཞིམ་དཔྱིད་སྡོང་གསོན་པ་མ་ཟད། 2025ལོའི་ཟླ་10པར་ད་དུང་འབྲས་བུ་ཐེངས་གཅིག་བསྡུས་པ་རེད། ད་ལྟ། ཀྲང་ཧྲན་ཧྲན་གྱིས་ཟླ་བ་གསུམ་སོང་རྗེས་དྲི་ཞིམ་དཔྱིད་སྡོང་དེ་དག་གཞི་ཁྱོན་ཆེན་པོས་འཐུ་བར་རེ་སྒུག་བྱེད་བཞིན་ཡོད། དཔལ་འབར་རྫོང་གི་སྔོ་ཚལ་ཁྲོམ་རར་དྲི་ཞིམ་དཔྱིད་སྡོང་འཚོང་མཁན་རྩ་བ་ནས་མེད་ཅིང་། གཡོག་བྱེད་ཡག་པོ་བྱས་ན་དྲོད་ཁང་དེ་གཉིས་ལས་ཡོང་འབབ་སྒོར་ཁྲི་གཅིག་གཉིས་ཙམ་རག་གི་ཡོད།
ལྟོ་གོས་འཚོལ་མཚམས་མི་འཇོག་ལ་འཕེལ་རྒྱས་གཏོང་མཚམས་ཀྱང་མི་འཇོག་པ།
བསུ་སྡོམ་གྲོང་ཚོའི་དྲོད་ཁང་དུ་མྱུ་གུ་གསར་པ་སྔོ་ཐིང་ཐིང་དུ་འབུས་པའི་སྐབས་སུ། སྤྱི་ལེ་བཅུ་ཕྲག་ཁ་ཤས་ཆོད་པའི་ཕུ་ཡུལ་གྲོང་ཚོ་དང་པོའི་རྡོ་རྗེར་ཚོད་བགམ་གཞན་ཞིག་འཕྲད་བཞིན་ཡོད།
རྡོ་རྗེའི་འཁྱགས་རོམ་མཚེའུ་ཡི་དམངས་སྲོལ་གནས་ཚང་གི་ཚོང་མ་གཞི་ཡག་པོ་ཡོད་མོད། འོན་ཀྱང་ན་ནིང་ཉེ་འགྲམ་གྱི་འཁྱགས་ཕུག་ཏུ་མི་འགྲོ་མི་ཆོག་པ་བཟོས་པ་དང་བསྟུན་ཡུལ་སྐོར་བ་ཉུང་དུ་ཕྱིན་ཞིང་། གྲོང་ཚོའི“ཏང་འཛུགས་སྐྱོང་དང་ཡུལ་སྐོར་ཟུང་འབྲེལ”གྱི་ལམ་བུར་འཇུར་མིག་འཕྲད།
“སྒུག་ནས་སྡོད་མི་རུང”ཕུ་ཡུལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་བསམ་བློ་ཡང་ཡང་བཏང་ཞིང་། ཡུལ་སྐོར་བ་མ་ཡོང་ན་ཡུལ་མིས་ཕྱིར་བསྐྱོད་དེ་ཚང་མ་དཔལ་འབར་གྲོང་རྡལ་གྱི་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས། ན་ནིང་ཟླ་5པ་ནས་ཟླ་10པའི་བར། ངལ་ནུས་ཕྱིར་གཏོང་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་86བྱུང་ཡོད།
རྡོ་རྗེས་ཀྱང་ཉི་མ་བསྐྱལ་ནས་མ་བསྡད་པར་ཁྱིམ་ཚང་མགྲོན་ཁང་གཉེར་ཞོར་དུ་དུས་ཚོད་ཡོད་དུས་གྲོང་ཚོའི་ངལ་ནུས་རུ་ཁག་དང་མཉམ་དུ་གྲོང་རྡལ་དུ་གླ་པ་རྒྱུག་པར་འགྲོ་ཡི་ཡོད།
ཡུལ་སྐོར་བ་ཉུང་དུ་སོང་ཡང་ལྟོ་གོས་འཚོལ་མཚམས་བཞག་མེད། དེ་དང་ཆབས་ཅིག་བསུ་སྡོམ་གྲོང་ཚོའི་རི་ཉིལ་བའི་ལམ་བུ་ཡང་བསྐྱར་སྐྲུན་བྱས་ཟིན་ཡོད། རྨང་བརྟན་དམངས་ཕན་མ་དངུལ་སྒོར་ཁྲི་10ཡི་རྒྱབ་སྐྱོར་འོག་གསར་དུ་བཏིང་བའི་ཨར་འདམ་ལམ་གྱི་ལམ་ངོས་རྒྱ་ཆེ་ལ་ཁོད་སྙོམས་པ་དང་ཕྱོགས་གཉིས་ནས་རླངས་འཁོར་སྐྱོད་ཐུབ་ལ། རགས་སྐྱོར་བརྟན་པ་དང་ཆུ་འབུད་སའང་ཡོད། འགྲོ་འོང་བྱེད་མཁན་མང་ཚོགས་ཕྱོགས་ལ་ཐོན་སྐབས་ཀྱང་གནམ་གཤིས་ལ་ལྟ་དགོས་ཀྱི་མེད།
ཇ་ཁང་དུ་གནད་དོན་བསལ་ནས་བརྩེ་སེམས་ལྷག་པར་མངོན་པ།
གྲོང་གསེབ་བཅོས་སྐྱོང་ནི་དཀའ་གནད་རྙིང་པ་ཞིག་ཡིན་མོད། འོན་ཀྱང་ཕུ་ཡུལ་གྲོང་ཚོ་གཉིས་པའི་གྲོང་ཚོ་ཨུ་ལྷན་གྱི་ཐོག་སོ་གཉིས་པའི“ཏང་དམངས་དམངས་ཕན་ཇ་ཁང”ནི་དཀའ་གནད་རྙིང་པ་དེ་དག་སེལ་བའི་འཐབ་སར་གྱུར་ཡོད།
ཇ་ཁང་ཆེན་པོ་མེད་ཀྱང་ཇ་བསྲུབས་མའི་དྲི་ཞིམ་ལྷག་པར་འཐུལ། རྙོག་དྲ་མེད་པ་དང་སྔོན་མངགས་བྱེད་མི་དགོས་པས་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་བསྡད་ནས་ཇ་འཐུང་ཞོར་གནད་དོན་གླེང་གི་ཡོད། ཁང་ཆུང་འདིའི་ནང་ཕྱུགས་ནད་དང་། གྲོང་པ་ཁྱིམ་མཚེས་དབར་གྱི་རྩོད་གཞི། ལས་ཞུགས་ཀྱི་འདོད་འདུན་བཅས་ཚང་མ་ཐག་གཅོད་བྱེད་ཀྱི་ཡོད།
དེ་དང་འདྲ་བར་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་ནི་རྒྱལ་ལམ་G349འགྲམ་གྱི་གཡང་གྲོང་ཚོའི་གཅེས་སེམས་ས་ཚིགས་རེད། འདི་གར་ནི་ཡུལ་སྐོར་བ་ངལ་གསོ་ས་ཙམ་ཡིན་པ་མ་ཟད་མི་རིགས་མཐུན་སྒྲིལ་གྱི་སྐར་ཁུང་ཞིག་དེ་བས་རེད། ཆུ་ཁོལ་ཕོར་པ་གང་དང་། འཚམས་འདྲིའི་སྐད་ཆ་གཅིག “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”རིག་གནས་བྱེད་སྒོ་གཅིག་བཅས་ལས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་2ལྷག་ཙམ་གྱིས་དཔལ་འབར་གྱི་དྲོ་སྐྱིད་ཚོར་ཡོད།
རྨང་བརྟན་དམངས་ཕན་གྱི་མ་དངུལ་སྒོར་ཁྲི་215ལྷག་ཙམ་བཏང་ནས་གྲོང་ཚོ་ཁག་ཏུ“ཁྲུས་ཁང་ཆུང་གྲས”དང“ཐབ་ཚང་ཆུང་གྲས”82བསྐྲུན་ཞིང་། ཆུ་ཚ་པོས་གཟུགས་པོ་འཁྲུ་བ་དང་བློ་བདེའི་ཟ་མ་བཟོ་བ་དེ་ས་བབ་མཐོ་བའི་ས་ཁུལ་གྱི་མང་ཚོགས་ངོས་ནས་བརྗོད་ན་སེམས་ཁྲལ་བྱེད་མི་དགོས་པའི་དོན་དག་ཏུ་གྱུར་ཡོད།
ཕུ་ཡུལ་གྲོང་ཚོ་གཉིས་པའི་ཇ་ཁང་ནང་གི་ལས་ཞུགས་མཛུབ་ཁྲིད་དང་། གྲོ་སྐས་གྲོང་ཚོའི་ཁ་ལོ་བའི་ཁྱིམ་ཚང་གི་སེམས་དྲོད་ཞབས་ཞུ། གཡང་གྲོང་ཚོའི་ས་ཚིགས་ཀྱི“གཅིག་རེ་གསུམ”གྱི་བྱེད་སྒོ་བཅས་ཚང་མ་དོན་དག་ཆུང་ཙག་ཡིན་མོད། འོན་ཀྱང་ཚང་མ་མང་ཚོགས་ཀྱི་བློ་ལ་བབས་ཡོད།
འབྲེལ་ཡོད་གསར་འགྱུར།