དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་བྱིས་པའི་འཚོ་བཅུད་ཁུག་མ་ཁྲི་9326སྤྲད་པ།

    སྤྲོད་ཚད་92%བར་དང་སྤྱོད་ཚད་73%བར་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-20

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་ནོར་སྲིད་ཀྱིས་རང་ལྗོངས་ཀྱི་བྱིས་པའི་འཚོ་བཅུད་ལེགས་སུ་གཏོང་བའི་རྣམ་གྲངས་ལ་རིམ་རྩིས་བརྒྱབ་ན་ཆེད་སྤྱོད་མ་དངུལ་སྒོར་ཁྲི་3716བཏང་བ་དང་། རང་ལྗོངས་ཀྱིས་བྱིས་པའི་འཚོ་བཅུད་ཁུག་མ་ཁྲི་9326སྤྲད་པར་ལྗོངས་ཡོངས་ཀྱི་ཟླ་བ་6ནས་36བར་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པ་90%ལ་ཕན་པ་ཐོབ་པ། འཚོ་བཅུད་ཁུག་མ་སྤྲོད་ཚད་92%བར་དང་སྤྱོད་ཚད་73%བར་མཐོ་རུ་ཕྱིན་པ། ཕྲུ་གུ་དམར་འབྱར་དང་བྱིས་པར་ཟུངས་ཁྲག་ཉམས་པའི་ནད་ཚབས་ཆེན་ཕོག་ཚད་6%བར་ཉུང་དུ་སོང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ཕྲུ་གུ་དམར་འབྱར་དང་བྱིས་པར་ཉིན་ལྟར་ལྕགས་དང་། ཏི་ཚ། ཀལ་སོགས་འཚོ་བཅུད་དང་གཏེར་རྒྱུ་སྣ་ཚོགས་འདུས་པའི་འཚོ་བཅུད་ཁ་གསབ་བཟའ་བཅའ(འཚོ་བཅུད་ཁུག་མ)རིན་མི་དགོས་པར་སྤྲད་པ་དང་ཆབས་ཅིག་ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་བར་འཚོ་བཅུད་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། བྱིས་པའི་འཚོ་བཅུད་ཁུག་མ་དེ་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཅིག་གྱུར་ཐོག་སྲིད་གཞུང་གི་འོས་སྐུལ་ཉོ་སྒྲུབ་བྱས་ནས་དངོས་ཟོག་མཁོ་འདོན་ཁེ་ལས་ཀྱི་སྤུས་ཚད་བདེ་འཇགས་དོ་དམ་དང་འཚོ་བཅུད་ཁུག་མའི་སྤུས་ཚད་རྒྱལ་ཁབ་ཀྱི་བླང་བྱ་དང་མཐུན་པའི་འགན་ལེན་བྱས་པ་རེད། ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་འཕྲོད་བསྟེན་གྱི་ལོ་འཁོར་སྙན་ཞུའི་བསྡོམས་རྩིས་བརྟག་དཔྱད་ལས་མངོན་པར་གཞིགས་ན། 2021ལོ་ནས་2025ལོ་བར། ལྗོངས་ཡོངས་ཀྱི་ལོ་7མན་གྱི་བྱིས་པའི་བདེ་ཐང་ལ་དོ་དམ་བྱེད་ཚད་84.2%ནས་90.7%བར་མཐོ་རུ་ཕྱིན་པ་དང་། ལོ་5མན་གྱི་བྱིས་པའི་ཟུངས་ཁྲག་ཉམས་ཚད་10.3%དང་འཚར་ལོངས་འགོར་ཚད་50.9%ཆག་ཡོད་པ་རེད།

    རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་ལྗོངས་ཀྱིས་བྱིས་པའི་འཚོ་བཅུད་ལེགས་སུ་གཏོང་བའི་རྣམ་གྲངས་མུ་མཐུད་ལག་ལེན་ཏན་ཏིག་བསྟར་རྒྱུ་རེད་ཅེས་བཤད་པ་རེད། གཞན་ཡང་2026ལོར་རང་ལྗོངས་ཀྱིས་ད་དུང་འཕྲོད་བསྟེན་བདེ་ཐང་གི“སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བའི”རྣམ་གྲངས་ཁྲོད་སྦྲུམ་མའི་འཚོ་བཅུད་ལེགས་སུ་གཏོང་བའི་རྣམ་གྲངས་བཙུགས་ནས་ཚོད་ལྟའི་ས་ཁུལ་ཁག་གཅིག་གི་སྦྲུམ་མར་འཚོ་བཅུད་ཁ་གསབ་ཀྱི་བཟའ་བཅའ(སྦྲུམ་མའི་འཚོ་བཅུད་ཁུག་མ)རིན་མེད་ངང་མཁོ་འདོན་བྱས་ཏེ“ཚེ་སྲོག་ཆགས་པའི་ཐོག་མའི་ཉིན་1000”ནས་འགོ་བཙུགས་ཏེ་སྦྲུམ་མ་དང་བྱིས་པའི་འཚོ་བཅུད་ཐོབ་ཚད་ཁྱོན་ཡོངས་ནས་ལེགས་སུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།