མངའ་རིས་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་ཕྱིན་པ།
ཐག་རིང་ལུང་ཁུག་ས་ཁུལ་དུའང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཡོད་པ།
རིང་མིན་གོང་གི་ཐོ་རེངས་ཤིག་ལ་ཧྲའན་ཤིས་ཀྱི་བོད་སྐྱོར་སྨན་པ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཁོའུ་ཧུའེ་ཅོན་ལ“ང་ཚོ་སྒེར་རྩེ་རྫོང་ནས་ཡིན། འདི་གར་སྙིང་རྩ་འགག་པའི་ནད་པ་ཞིག་ཡོད་པ་དེ་རིང་སྐྱེལ་བར་ཡོང་གི་ཡིན”ཞེས་པའི་ཁ་པར་ཞིག་འབྱོར།
མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ནས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གནས་ཡུལ་སྒར་རྫོང་བར་ལམ་ཐག་སྤྱི་ལེ་400ལྷག་ཙམ་ཡོད་སྟབས་རླངས་འཁོར་བཏང་ནས་ཆུ་ཚོད་དྲུག་བདུན་ཙམ་སྐྱོད་དགོས་ཀྱི་ཡོད། ཁོའུ་ཧུའེ་ཅོན་གྱིས་དྲ་རྒྱ་བརྒྱུད་སྒེར་རྩེ་རྫོང་མི་དམངས་སྨན་ཁང་གི་སྨན་པར་གཞོགས་འདེགས་བྱས་ནས་ནད་པར་ཛ་དྲག་ཆེ་བའི་ཁྲག་རྩའི་སྨན་བཅོས་བྱས་ཤིང་། ཆུ་ཚོད་གཉིས་རིང་མྱུར་སྐྱོབ་བྱས་པ་བརྒྱུད། ནད་གཞི་རིམ་བཞིན་ཞི་ལྷོད་དུ་སོང་ནས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་སྐྱེལ་བར་ཆ་རྐྱེན་བསྐྲུན་ཡོད།
ནད་པ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་བསྒྱུར་རྗེས། ཁོའུ་ཧུའེ་ཅོན་གྱིས་ནད་པའི་གནས་ཚུལ་སྔོན་དཔག་ལས་ཛ་དྲག་པ་མ་ཟད་སྙིང་ཁམས་ལ་སྐྱོན་ཡོད་ཁར་ད་དུང་གློ་བའི་གཉན་ཚད་ཚབས་ཆེན་ཕོག་ཡོད་པ་ཤེས། སྨན་པས་གཉན་ཚད་ཚོད་འཛིན་བྱས་རྗེས་གཞི་ནས་གཤགས་བཅོས་བྱ་རྒྱུའི་ཐག་བཅད། དེ་རྗེས་ཀྱི་ཉིན་འགའི་རིང་། ཁོའུ་ཧུའེ་ཅོན་སོགས་ཀྱིས་མུ་མཐུད་སྨན་བཅོས་བྱས་མཐར་གཞི་ནས་ནད་པར་གཤགས་བཅོས་ཀྱི་ཆ་རྐྱེན་འཛོམས་ཡོད།
དེ་རྗེས། ཁོའུ་ཧུའེ་ཅོན་དང་ས་གནས་དེ་གའི་སྨན་པ་གཉིས་ཀྱིས་ནད་པ་དེར་སྙིང་ཁམས་གཤགས་བཅོས་བྱས་པ་ལམ་ལྷོངས་བྱུང་བ་རེད།
“2025ལོར་རིམ་རྩིས་བརྒྱབ་ན། ང་ཚོས་གཤགས་བཅོས་དེ་རིགས་ཐེངས་60ལྷག་ཙམ་བྱས་པས་འབྲེལ་ཡོད་ལག་རྩལ་སྔར་བས་བྱང་ཆུབ་ཏུ་ཕྱིན་ཡོད། གཞན་ཡང་། ང་ཚོས་ད་དུང་འདྲེན་སྐུད་མེད་པའི་སྙིང་རྩ་འཕར་ཆས་དང་སྙིང་ཁམས་བདེ་ཐང་སླར་གསོའི་ལུས་ཕྱིའི་སྨན་བཅོས་ལག་རྩལ་སོགས་ལག་རྩལ་གསར་པ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་དུ་ནང་འདྲེན་བྱས་ཡོད”ཅེས་ཁོའུ་ཧུའེ་ཅོན་གྱིས་ངོ་སྤྲོད་བྱས།
སྙིང་ཁམས་ཁོག་ནད་ཚན་ཁག་གི་སྨན་བཅོས་ནུས་པ་ཆེ་རུ་ཕྱིན་པ་ནི་སྨན་ཁང་དེར་འགྱུར་ལྡོག་བྱུང་བའི་བསྡུས་རིས་ཤིག་རེད། ཀ་པ་རིམ་པ་གསུམ་པའི་སྨན་ཁང་འཛུགས་གཏོད་ཀྱི་བརྒྱུད་རིམ་ལ་བརྟེན་ནས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་ས་གནས་དེ་གའི་སྨན་བཅོས་དགོས་མཁོར་གཞི་ཚུགས་ཏེ་བོད་སྐྱོར་ཤེས་ལྡན་པ་དང་རིགས་གཅིག་མཁས་ཅན་འདྲེན་འགུགས་བྱས་ནས་ཚན་ཁག་ཁག་གཅིག་གཙོ་གནད་ཐོག་བསྐྲུན་ཏེ་ས་གནས་དེ་གའི་སྨན་བཅོས་ཞབས་འདེགས་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་རེད།
2025ལོའི་ལོ་མཇུག་ཏུ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་བདེ་བླག་ངང་བསྐྲུན་པ་དེ་ཐོག་ནས་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7ཚང་མར་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཡོད་པ་མཚོན་གྱི་ཡོད།
ཀ་པ་རིམ་པ་གསུམ་པའི་སྨན་ཁང་འཛུགས་གཏོད་ཀྱི་བརྒྱུད་རིམ་དེའང་ལམ་ལུགས་ཁག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བའི་བརྒྱུད་རིམ་ཞིག་ཀྱང་རེད།
དེ་གོང་སྨན་ཁང་གི་ལས་དོན་མང་པོ་ཞིག་ཉམས་མྱོང་ལ་བརྟེན་དགོས་པ་ལས་ཚད་ལྡན་ལམ་ལུགས་ལ་མཐོང་ཆེན་བྱེད་ཚད་ད་དུང་འདང་གི་མེད”ཅེས“འབུམ་རམས་པའི་ཞབས་ཞུ་ཚོགས་པ”ཁག་ཉེར་ལྔ་པའི་ཁོངས་མི་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཏུའུ་ཀྲུའོ་དབྱིང་གིས་ཕྱིར་དྲན་བྱེད་བཞིན་བཤད་པ་རེད།
དེར་བརྟེན་ཏུའུ་ཀྲུའོ་དབྱིང་གིས་ཆེད་མངགས་རང་ཉིད་ཀྱི་མངགས་གཏོང་ཚན་པ་ཧྥུའུ་ཏན་སློབ་ཆེན་གྱི་ཞོར་གཏོགས་ཧྭ་ཧྲན་སྨན་ཁང་དང་མཐུན་སྦྱོར་བྱས་ཏེ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་སྨན་དོན་པ་དྲ་ཐོག་གསོ་སྦྱོང་མ་ལག་ནང་བཅུག་ནས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་ལམ་ལུགས་ཚད་ལྡན་དང་འབྲེལ་བ་ཡོད་པའི་སློབ་ཚན་རབ་དང་རིམ་པ་བཀོད་སྒྲིག་བྱས་པ་རེད།
གྲངས་གཞི་ལས་མངོན་པར། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་2025ལོའི་དུས་ཚིགས་བཞི་པར་སྒོ་བསྟེན་སྨན་བཅོས་བྱེད་ཚད་ལོ་གོང་མའི་དུས་མཚུངས་ལས་18.2%འཕར་ཡོད་པ་རེད། “སྨན་བསྟེན་མི་གྲངས་མང་དུ་ཕྱིན་པ་ལས་ཡིད་ཆེས་བྱེད་ཚད་མཐོ་རུ་ཕྱིན་པ་མཚོན་ཡོད” ཏུའུ་ཀྲུའོ་དབྱིང་གིས། “ཀ་པ་རིམ་པ་གསུམ་པའི་སྨན་ཁང་ལས་ལས་སྟེགས་དེ་བས་མཐོ་བ་དང་དེ་བས་ལེགས་པའི་ཐོན་ཁུངས་བཀོད་སྒྲིག་བྱས་པ་མཚོན་པ་མ་ཟད། བླང་བྱ་དེ་བས་མཐོ་བའང་བཏོན་པ་དེས་སྨན་ཁང་གི་ལས་དོན་པས་རང་ངོས་ཀྱི་འཇོན་ཐང་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་མང་ཚོགས་ཀྱི་རེ་སྒུག་རྒྱུན་ཆད་མེད་པར་སྐོང་རྒྱུར་ལྡོག་སྐུལ་བྱས་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།
འབྲེལ་ཡོད་གསར་འགྱུར།