སོན་བཟང་ལག་ཏུ་འབྱོར། ལོ་ལེགས་གདེང་ཚོད་རྙེད།
དཔྱིད་ཀྱི་གྲི་གུ་རྩྭ་ཐང་དུ་བསིལ་རླུང་ཁྲོད་ད་དུང་ཡང་གྲང་ངར་ཅུང་ཟད་ཡོད་མོད། འོན་ཀྱང་གཞི་རིམ་མང་ཚོགས་ཀྱི་སེམས་པ་ཉིན་གུང་གི་ཉི་འོད་འཕྲོས་པ་ལྟར་དྲོད་འཁོལ་གྱིས་ཁེངས་ཡོད།
ནམ་རྦད་དེ་ལངས་མེད་རུང་། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་གཏམ་ཤུལ་སྡེ་ཁུལ་གྱི་ལོ་53ལ་སླེབས་པའི་ཚེ་རིང་དབང་འདུས་ཀྱིས་མལ་ལས་ལངས་ཤིང་། ཁོང་གིས་འབྲུ་ཁང་གི་ཟུར་ཞིག་ཏུ་ཡོད་པའི་ན་ནིང་གི་ནས་སོན་འགྱིག་ཕད་གང་པོ་བཞག་སྐྱོར་བརྒྱབ་རྗེས། བྲེལ་འཚུབ་ངང་སྡེ་ཁུལ་གྱི་སྒོ་རའི་ནང་བསྐྱོད། ཁོང་དེར་སླེབས་སྐབས་ནས་སོན་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་ཞིག་ཀྱང་སྒོ་རའི་ནང་དལ་གྱིས་བཏང་ཡོང་བ་དང་། རླངས་འཁོར་གྱི་འཁོར་སྒྲོམ་ངོས་སུ“མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་གཏམ་ཤུལ་སྡེ་ཁུལ་གྱི་སོན་བཟང་སྤྲོད་ཡུལ”ཞེས་པའི་གཞི་གདན་དམར་པོའི་ཐོག་ཡི་གེ་སེར་པོ་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་ཅིག་བཀལ་ཡོད།
“བོད་ནས་ཨང་3000རེད་འདུག ད་ལོ་ང་ཚོས་འདེབས་པའི་སོན་དེ་ག་རང་རེད”ཅེས་ཚེ་རིང་དབང་འདུས་ཀྱིས་དགའ་སྤྲོའི་ངང་ཤོད་ཀྱིན་སོན་སྦར་མོ་གང་ཉབ་ནས་ལག་པའི་མཐིལ་དུ་བཞག་ཅིང་། ནས་སོན་གྱི་འབྲུ་རྡོག་ཆེ་ཞིང་མདོག་ཁ་སྣུམ་ཤིག་ཤིག་ཅིག་ཡོད།
སོན་བཟང་དམིགས་སར་འབྱོར་བ།
“གནམ་ཆུར་བརྟེན་པ”ནས“ལག་ཏུ་ཐབས་ཤེས་ཡོད་པའི”བར་གྱི་འགྱུར་ལྡོག
དེ་ཡང་ཉིན་གཅིག་གི་གོང་། ཚེ་རིང་དབང་འདུས་ཀྱིས“དྲ་འཕྲིན་མཚོ་སྨད”ཀྱི་སྐད་འཕྲིན་སྤྱི་རྟགས་ནས་མཚོ་སྨད་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱིས་མཚོ་སྨད་གྲོང་རྡལ་དང་གནས་བཞི་ཤང་གི་གྲོང་ཚོ(སྡེ་ཁུལ)6ལ་ནས་སོན་སྤུས་ལེགས་ཏུན་11.25རིན་མི་དགོས་པར་སྤྲོད་རྩིས་ཡོད་པའི་གསར་འགྱུར་མཐོང་ཞིང་། ནས་སོན་དེ་ནི་ཏག་ཏག“བོད་ནས་ཨང་3000”ཡིན་པ་རེད།
ཚེ་རིང་དབང་འདུས་ཀྱིས་འཕྲལ་དུ་ཁོང་གི་བཟའ་ཟླར“ད་ལོའི་སོན་བྱུང་སོང”ཞེས་བཤད། དོན་དུ་ད་ལོའི་ཟླ་1པོའི་ཟླ་མཇུག་ཏུ། མཚོ་སྨད་རྫོང་གི་2026ལོའི་སྲིད་གཞུང་གི་ཉོ་སྒྲུབ་འདོད་མཐུན་སྤྱི་བསྒྲགས(ཁག་11པ)སུ“‘བོད་ནས་ཨང་3000’གི་སོན་བཟང་ཉོ་སྒྲུབ”བྱེད་པའི་སྐོར་བྲིས་ཡོད། སྤྱི་བསྒྲགས་ནང་གི“ནས་ཀྱི་ཐོན་འབབ་དང་སྤུས་ཚད་མཐོ་རུ་གཏོང་དགོས”ཞེས་པ་དང“ས་ཁོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས”ཞེས་བརྗོད་ཡོད་པ་དག་ད་ལྟ་ཁོང་གི་ལག་ཏུ་ཡོད་པའི་ལྗིད་ཏིག་ཏིག་གི་ས་བོན་དུ་གྱུར་ཡོད།
ད་ལོ་རྣམ་ཀུན་དང་འདྲ་གི་མེད། དེ་ཡང་ཟླ་3པའི་ཟླ་སྟོད་དུ་མཚོ་སྨད་རྫོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུར་2026ལོར“འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་ལ་དམིགས་ཏེ་རྫོང་ཡོངས་ཀྱི་ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས”འབྲུ་རིགས་ཐོན་སྐྱེད་ཏུན་3500ཡན་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།
དམིགས་ཚད་དེ་གཞི་རིམ་དུ་དོན་འཁྱོལ་བྱུང་བ་ནི་ཚེ་རིང་དབང་འདུས་སོགས་ཀྱི་ལག་ཏུ་འབྱོར་བའི་སོན་བཟང་རེད། མིག་སྔའི་བར། མཚོ་སྨད་རྫོང་གི་དཔྱིད་འདེབས་ས་ཞིང་མུའུ་ཁྲི་1.41ཡོད་པའི་ནང་མུའུ་9900ལ་རྨོད་བརྒྱབ་ཟིན་པ་དེས་བརྒྱ་ཆ་བདུན་ཅུ་ལྷག་ཙམ་ཟིན་གྱི་ཡོད།
མིག་སྔའི་བར། མཚོ་སྨད་རྫོང་གིས་སོན་བཟང‘བོད་ནས་ཨང་3000’ཏུན་11.25དང་། “ལྷོ་ནས་ཨང་9པ”ཏུན་15 “ནས་ནག”ཏུན་22.5བཅས་གཤམ་སྤྲོད་བྱས་ཡོད། དེ་བཞིན་མང་ཚོགས་ཀྱིས་ཞིང་ལུད་ཏུན་ཁྲི་2.5རང་འགུལ་ངང་བསགས་ཡོད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་རྫས་ལུད་ཏུན་117བསྐྱལ་བ་ལས་ཚོང་ཟོག་གི་སྐྱེ་ལྡན་ལུད་ཏུན་260སྤྲད་ཟིན་པས་མང་ཚོགས་ཀྱིས་དཔྱིད་རྨོད་ལ“བློ་བདེ་བའི་སོན་དང་། ལུད། ཞིང་སྨན”སྤྱོད་པར་འགན་ལེན་ཐུབ་ཡོད།
མཉམ་ལས་མཉམ་སྒྲུབ་བྱས་པ།
“རང་ཞིང་རང་གིས་འདེབས་པ”ནས“ཁེ་སྤོགས་བགོས་ནས་འབབ་འཕར་བྱུང་བའི”བར་གྱི་འགྱུར་ལྡོག
2024ལོར་ཚེ་རིང་དབང་འདུས་མཚོ་སྨད་གྲོང་རྡལ་ཝན་ལུང་ཞིང་འཕྲུལ་ཞབས་ཞུ་ཆེད་ལས་མཉམ་ལས་མཉམ་འབྲེལ་ཁང་ནང་ཞུགས་ཤིང་། མཉམ་ལས་ཁང་ལ་མ་ཞུགས་གོང་ཚེ་རིང་དབང་འདུས་ཁྱིམ་གྱི་ས་ཞིང་མུའུ་ཁ་ཤས་ཡོད་པ་ཚང་མ་རང་ཉིད་ཀྱིས་འདེབས་ཀྱི་ཡོད། ཞིང་ཁ་འདེབས་པ་དང་། རྩྭ་ངན་བཀོག་པ། བཙས་མ་བརྔ་བ་བཅས་ཚང་མ་མི་ཁོ་ནར་བརྟེན་དགོས་ཀྱི་ཡོད། ཁོང་གིས“མཉམ་ལས་ཁང་དུ་ཞུགས་རྗེས་ཞིང་ཁ་འདེབས་པ་དང་བཙས་མ་བརྔ་བ་སོགས་ཚང་མ་ཞིང་འཕྲུལ་གྱིས་བྱེད་ཀྱི་ཡོད། ད་དུང་དུས་ཁོམ་བྱུང་བ་དག་ལ་ཕྱིར་དུས་ཐུང་གླ་པར་བསྐྱོད་དེ་ཡོང་འབབ་ཕྲན་བུ་གསོག་ཐུབ་ཀྱི་འདུག”ཅེས་བཤད་པ་དང་། ཁོང་གིས་རྩིས་ཤིག་བརྒྱབ་ནས་ན་ནིང་གླ་པར་བསྐྱོད་པ་ཁོ་ན་ལས་ཡོང་འབབ་འཐོལ་པ་སྒོར་ཁྲི་གཅིག་ཙམ་བྱུང་ཞེས་བཤད།
ཉེ་བའི་ལོ་ཤས་རིང་། མཉམ་ལས་ཁང་ལ་བྱུང་བའི་འགྱུར་ལྡོག་དག་ཚེ་རིང་དབང་འདུས་ཀྱིས་མིག་མཐོང་ལག་ཟིན་བྱུང་ཡོད། 2023ལོར་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་གཉེར་བའི་མཉམ་ལས་ཁང་ཐོག་མ་དེ་མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་སྤོས་དགའ་གྲོང་ཚོར་བཙུགས་ཤིང་། ཞིང་དུད་50ཡིས་རང་ཁྱིམ་གྱི་ས་ཞིང་དང་ཞིང་འཕྲུལ་དངུལ་ལ་ཕབ་ནས་མ་རྐང་ནང་ཞུགས་པ་དང་ཁ་ཐོར་དུ་གནས་པའི་ས་ཞིང་བསྡུ་སྒྲིལ་བྱས་ཏེ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱེད་འགོ་ཚུགས་ཡོད། ལོ་མཇུག་ཏུ་མ་རྐང་ནང་ཞུགས་པའི་ཞིང་དུད་རེ་རེར་ཆ་སྙོམས་འབབ་འཕར་སྒོར་1000བྱུང་ཡོད། 2024ལོར་མཚོ་སྨད་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཨན་ཧུའེ་སུའུ་ཀྲོའུ་བོད་སྐྱོར་ལས་དོན་ཚོགས་ཆུང་དང་མཉམ་དུ་མ་དངུལ་གྲབས་གསོག་བྱས་ནས། དེང་རབས་ཅན་གྱི་ཞིང་འཕྲུལ་ཁག་གཅིག་ཉོས་ཏེ་མཚོ་སྨད་གྲོང་རྡལ་གྱི་གྲོང་ཚོ(སྡེ་ཁུལ)4ཡིས་ཐུན་མོང་ཐོག་མ་རྐང་འཛིན་རྒྱུར་སྐུལ་འདེད་བཏང་ནས་ཝན་ལུང་ཞིང་འཕྲུལ་ཞབས་ཞུ་ཆེད་ལས་མཉམ་ལས་མཉམ་འབྲེལ་ཁང་བཙུགས་པ་རེད།
“ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གཞི་ཁྱོན་ཆེ་རུ་བཏང་བས་མ་གནས་ཀྱང་ཆུང་དུ་ཕྱིན་ཡོད”ཅེས་ཚེ་རིང་དབང་འདུས་ཀྱིས་བཤད་པ་དང་། ཁོང་གིས། མཉམ་ལས་ཁང་གིས་གཅིག་འགྱུར་ཐོག་ཞིང་ལས་རྒྱུ་ཆ་ཉོ་སྒྲུབ་དང་། ཞིང་འཕྲུལ་བཀོལ་སྤྱོད། ཁྲོམ་ར་དང་སྦྲེལ་མཐུད་བཅས་བྱས་ནས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་པ་དང་། མུ་ཁ་སྙོམས་ཏེ་ཡུག་གཅིག་ཏུ་འབྲེལ་བའི་ཞིང་ཁར་ཞིང་འཕྲུལ་ཆེ་གྲས་ཀྱིས་རྨོ་འདེབས་བྱས་པས་ཐོན་སྐྱེད་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་བཤད།
མཚོ་སྨད་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲན་ཀྲང་ཞུང་གཡོད་ཀྱིས། “ཏང་རྩ་འཛུགས་ཀྱིས་མཉམ་ལས་ཁང་གཉེར་རྒྱུར་སྣེ་ཁྲིད་བྱས་པས་མཉམ་སྡེབ་ལ་ཡོང་འབབ་བྱུང་ཡོད། དེ་ལས་ལམ་བཟོ་བ་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ། ཐོན་ལས་གསར་པར་མ་འཇོག་བྱེད་པ་བཅས་ཚང་མར་སེམས་ཁྲལ་བྱེད་དགོས་ཀྱི་མི་འདུག”ཅེས་བཤད།
ཚན་རྩལ་གྱིས་འདེགས་སྐྱོར་བྱས་པ།
“གནམ་ཆུར་བརྟེན་པ”ནས“སེམས་ནང་གདེང་ཚོད་ཡོད་པའི”བར་གྱི་འགྱུར་ལྡོག
ནས་སོན་སྤྲོད་ཡུལ་དུ་ཚེ་རིང་དབང་འདུས་ཀྱིས་སར་ལྷུང་བའི“བོད་ནས་ཨང་3000”གི་འབྲུ་རྡོག་རེ་རེ་བཞིན་བསྒྲུགས་ནས་འགྱིག་ཕད་ནང་བླུགས། ལག་རྩལ་པས་ཁོང་ལ་སོན་བཟང་འདི་ནི་རང་སྐྱོང་ལྗོངས་ཀྱིས་ཁྱབ་གདལ་གཏོང་བའི་སྤུས་ལེགས་སོན་བཟང་གི་གྲས་ཤིག་ཡིན་པ་དང་། དེར་ཐན་པ་འགོག་པ་དང་། སད་མི་རྒྱག་པ། ལོ་ཏོག་མི་ཉལ་བ། ཐོན་འབབ་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། འོན་ཀྱང་སོན་བཟང་ཡིན་ཡང་འདེབས་མཁས་པོ་དགོས་པ་སྟེ། སོན་དུས་ཐོག་ཏུ་འདེབས་པ་དང་། མཐུག་ལོས་ཚད་རན་པོ་འདེབས་པ། ཞིང་ནང་གཡོག་བྱེད་ཡག་པོ་བཅས་བྱེད་དགོས་ཞེས་བཤད།
ཚེ་རིང་དབང་འདུས་ཀྱིས་ལག་རྩལ་པའི་སྐད་ཆ་སེམས་ལ་བཞག་ཅིང་། ཁྱིམ་དུ་ལོག་རྗེས་ཆེད་མངགས་དེབ་ཅིག་བཙལ་ནས་སོན་བཟང་གི་འདེབས་དུས་དང་། བར་ཐག ཁ་ལུད་རྒྱག་དུས་བཅས་ཞིབ་པར་བཀོད།
ཚེ་རིང་དབང་འདུས་ཀྱིས“སྔོན་ཆད་དུས་ཚོད་སོགས་ལ་མི་ལྟ་བར་གང་བྱུང་དུ་སོན་འདེབས་ཀྱི་ཡོད། ད་ལྟ་ཆེད་དུ་ཐབས་ཤེས་སློབ་མཁན་ཡོད་པས་བློ་ལ་མ་ངེས་ན་ག་ལ་འགྲིག”ཅེས་བཤད་པ་དང་། ཁོང་གིས། སྔོན་ཆད་ལོ་ན་གཞོན་དུས་སུ་པཱ་ལགས་དང་མཉམ་དུ་ཞིང་འདེབས་སྐབས“གནམ་ཆུ་སྒུག་དགོས་པ་དང་། ས་རྒྱུ་ལེགས་པོ་དགོས་ལ། རླུང་རྟ་ལ་ཡང་ལྟ་དགོས” ད་ཆ་ཞིང་འདེབས་པར་གཞི་འཛིན་སའི་ལག་དེབ་འདི་ཡོད་པས་བློ་བདེ་པོ་འདུག་ཅེས་འདས་དོན་དག་དྲན་གསོ་བྱེད་བཞིན་དུ་བཤད།
ཚེ་རིང་དབང་འདུས་ཀྱིས་རང་ཁྱིམ་གྱི་ས་རྒྱུ་གཤིན་ཤོས་ཀྱི་ས་ཞིང་དེར“བོད་ནས་ཨང་3000”འདེབས་རྩིས་ཡོད་ཅིང་། ཁོང་གིས“སྔོན་ཆད་ཞིང་ཁ་བཏབ་རྗེས་གནམ་ཆུར་བརྟེན་དགོས། ད་ཆ་སྔོན་ཆད་དང་མི་འདྲ་བར་གཡོག་བྱེད་མཁན་ཡོད་ལ་འདེབས་སྟངས་སློབ་མཁན་ཡང་ཡོད་པས་བློ་ཧ་ཅང་བདེ་པོ་འདུག”ཅེས་བཤད། མིག་སྔའི་བར་མཚོ་སྨད་རྫོང་གིས་རིམ་རྩིས་བརྒྱབ་ན་ཞིང་ལས་ལག་རྩལ་པ་མི་ཐེངས་58བཏང་ནས་ལག་རྩལ་མཛུབ་ཁྲིད་ཐེངས་18བྱས་ཡོད།
ས་སྲོད་དུ་ཚེ་རིང་དབང་འདུས་ཀྱིས་རང་ཁྱིམ་གྱི་མུ་ཁའི་ཐོག་ལངས་ནས་ས་ཞིང་ལ་ལྟ་བཞིན་དུ་ཁེ་སྤོགས་བགོ་བའི་ཉིན་དེར་སྡེ་ཁུལ་གྱི་སྒོ་ར་ཆེན་པོ་ནས་ཐོན་སྐབས་ལག་ཏུ་བགོ་འགྲེམས་བརྒྱབ་པའི་དངུལ་དང་འབྲས་འགྱིག་ཕད་ཅིག་ཁྱེར་ནས་དགའ་སྤྲོའི་ངང་འབྱུང་འགྱུར་གྱི་འཆར་གཞི་རེ་རེ་བཞིན་འགོད་པའི་རྣམ་པ་དག་ཡིད་ལ་ཝ་ལེར་དྲན། ས་མཐོའི་དཔྱིད་ཀ་ས་ཆ་གཞན་དང་བསྡུར་ན་ཤར་འགོར་ཙམ་ཡོད་མོད། འོན་ཀྱང་ཚེ་རིང་དབང་འདུས་ཀྱི་ངོས་ནས་བརྗོད་ན། འདི་ལོའི་དཔྱིད་ཀ་སྔོན་ཆད་ལས་དེ་བས་བློ་བདེ་བ་ཞིག་ཡོད།
འབྲེལ་ཡོད་གསར་འགྱུར།