རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་ཚོར་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ་ཞིག་མཉམ་དུ་འཚོགས་པ།
རྒྱལ་ཁབ་བདེ་འཇགས་ཀྱི་ས་བོན་རྩ་བ་ཚུགས་ནས་མྱུ་གུ་འབུས་སུ་འཇུག་པ།
ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་བྱེད་པར་རྒྱལ་ཁབ་ཀྱི་བདེ་འཇགས་ནི་དོན་ཆེན་ནང་གི་དོན་ཆེན་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས”དང“རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས”ཞེས་ནན་བཤད་གནང་ཡོད།
རང་རྒྱལ་གྱི་གཞོན་ནུ་ལོ་ཆུང་ཚོ་ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་འོག་འཚར་ལོངས་བྱུང་བས། མི་མང་པོ་ཞིག་བདེ་འཇགས་ཀྱི་འཚོ་བར་གོམས་འདྲིས་ཆགས་ཡོད། དེར་བརྟེན་དུས་བདེ་ལྷིང་འཇགས་ཀྱི་རྒྱབ་ཏུ་མི་བུ་གྲངས་ལས་འདས་པས་སྒེར་སེམས་མེད་པར་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དེ་བས་མཐོང་དུ་འཇུག་དགོས་ལ། རྒྱལ་ཁབ་བདེ་འཇགས་ཐད་མི་ཚང་མར་འགན་འཁྲི་ཡོད་པ་དེ་བས་གསལ་པོ་ཤེས་སུ་འཇུག་དགོས།
འདི་ལོའི་ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཅུ་གཅིག་པ་དེ་རེད། སློབ་གསོ་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། མི་དམངས་ཉིན་རེའི་ཚགས་པར་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྗོད་དོན་གཙོ་བོར་བྱས་པའི་གཞི་གཅིག་ཅན་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ་ཞིག་སློབ་གྲྭ་ཁྲི་20ལྷག་ཙམ་དུ་དུས་མཉམ་དུ་ཁྲིད་པ་དང་སློབ་མ་ཁྲི་9100ལྷག་ཙམ་གྱིས་བལྟས་ཡོད།
སློབ་ཚན་ཁྲོད་གནས་ལུགས་ཤིག་མི་སེམས་གཏིང་ལ་ཟུག་པ་སྟེ། རྒྱལ་ཁབ་བདེ་འཇགས་ང་ཚོ་དང་འབྲེལ་བ་ཟབ་མོ་ཡོད་པ་དང་། རྒྱུན་གཏན་འཚོ་བའི་ཉིན་རེའི་ནང་འདུས་ཡོད་པ་དེ་རེད།
སློབ་ཚན་ཁྲོད་འབྲེལ་བ་ཞིག་གསལ་པོར་མཐོང་ཐུབ་པ་སྟེ། འཕེལ་རྒྱས་དང་བདེ་འཇགས་ནི་གཟུགས་གཅིག་གཤོག་གཉིས་དང་སྒུལ་བྱེད་ཀྱི་འཁོར་ལོ་གཉིས་ལྟ་བུ་རེད།
2025ལོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་140ཡི་སྐས་རིམ་གསར་པར་ཐོག་མར་སླེབས་ཡོད། བཀྲག་མདངས་འཚེར་བའི་གྲུབ་འབྲས་དེའི་ནང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱིས་ལེགས་སྐྱེས་ཕྱེད་ཀ་ཙམ་ཕུལ་ཡོད།
དེ་ནི་འཕེལ་རྒྱས་ཀྱི་གྲུབ་འབྲས་རེད་ལ་བདེ་འཇགས་ཀྱི་གྲུབ་འབྲས་ཀྱང་དེ་བས་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། “འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་མཐའ་འཁྱོངས་བྱ་རྒྱུ”དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་ཆེན་པོ་དྲུག་གི་གྲས་ཤིག་ཏུ་བརྩིས་ནས། “འཕེལ་རྒྱས་གཏོང་རིང་བདེ་འཇགས་སྲ་བརྟན་དུ་གཏོང་བ་དང་བདེ་འཇགས་ཁྲོད་དུ་འཕེལ་རྒྱས་དོན་གཉེར་བྱེད་དགོས་པ”ནན་བཤད་བྱས་ཡོད།
“ལག་ལེན་དངོས་ཀྱི་ཐོག་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་པ་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་གལ་ཆེན་བྱས་པ་ར་སྤྲོད་ཡང་ཡང་ཐུབ་ཡོད། དུས་རབས་གསར་པའི་གཞོན་ནུ་ཚོས་ལང་ཚོ་སྟོང་ཟད་དུ་མི་གཏོང་བ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལང་ཚོའི་འགན་འཁྲི་འཁུར་གྱི་ཡིན”ཞེས་པའི་སློབ་མ་ཚོའི་ལན་དེར་སྟོབས་ཤུགས་ཀྱིས་ཁེངས་ཡོད།
སློབ་ཚན་ཁྲོད་ཆོས་ཉིད་ཅིག་ར་སྤྲོད་ཡང་ཡང་ཐུབ་པ་སྟེ། སློབ་མ་ཚོའི་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་གནས་ལུགས་གཏིང་ཟབ་བརྗོད་པ་དང་ཁ་གསལ་ཤོད་དགོས་པ་དེ་རེད།
རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་ཀྱི་དང་བླངས་པ་ཡིན་པའི“ལས་རོགས་དགེ་རྒན”འགུལ་རིས་དོམ་ཁྲ་ཨན་ཨན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོའི་ཐོག་ཐོན་སྐབས་སློབ་མ་མི་ཉུང་བ་ཞིག་དོ་ཁུར་ཆེན་པོ་ཐོབ་ཡོད། ཨན་ཨན་གྱིས་ཕན་ཚུན་གླེང་མོལ་དང་གཏམ་རྒྱུད་ཤོད་ཐུབ་པ་མ་ཟད། ད་དུང་དཔྱད་གཞིའི་ཡིག་རིགས་འཚོལ་བཤེར་དང་། གྲངས་གཞིར་དབྱེ་ཞིབ། སྦྱོང་ཚན་དག་བཅོས་བཅས་ཐུབ་པས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཐོག་མི་ཐབས་རིག་ནུས་བེད་སྤྱོད་ཕུན་སུམ་ཚོགས་པོ་བཏང་ཡོད་ལ་གསོན་ཉམས་དོད་པོས་མངོན་ཡོད།
ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀྲང་ཅོན་གྱིས“སློབ་ཚན་ཁྲོད་མི་དང་འཕྲུལ་མིའི་དབར་མཉམ་འགུལ་བྱས་པ་དེས་སླད་ཕྱིན་གྱི་སློབ་ཁྲིད་ཁྲོད་ཇི་ལྟར་བྱས་ནས་མི་ཐབས་རིག་ནུས་དེ་བས་ལེགས་པའི་སྒོ་ནས་སྤྱོད་པ་དང་སློབ་ཁྲིད་ཀྱི་ཡིད་དབང་འགུགས་ཤུགས་ཆེ་རུ་གཏོང་བའི་ཐད་བློ་སྒོ་ཡག་པོ་ཕྱེ་བྱུང”ཞེས་བརྗོད་པ་དང་། ཁོང་གིས། དགེ་རྒན་གྱིས་རིན་ཐང་ལ་བརྟེན་ནས་སློབ་མའི་སློབ་སྦྱོང་གི་ནང་སེམས་ཀྱི་སྐུལ་སློང་འཕེལ་བར་རྩེ་གཅིག་ཏུ་གཞོལ་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ལ་ཚན་རྩལ་གྱི་ཉམས་སྣང་དང་དྲོ་སྐྱིད་ལྡན་པར་བྱེད་དགོས་ཞེས་བརྗོད་པ་རེད།
སྤྱི་མཚན་དུ་གྱུར་པའི་རིགས་པའི་གཞུང་ལུགས་དེ་སློབ་མས་རྟོགས་ཐུབ་པ་དང་། བསམ་གཞིག་ཐུབ་པ། ཞུགས་ཆོག་པ་བཅས་ཀྱི་སློབ་སྦྱོང་བྱེད་སྒོར་བསྒྱུར་ཏེ་བསམ་བློ་ཆབ་སྲིད་ཀྱི་སློབ་ཁང་ཆུང་ངུ་དེ་སྤྱི་ཚོགས་ཀྱི་སློབ་ཁང་ཆེན་པོ་དང་ཟུང་འབྲེལ་དམ་ཟབ་ཇི་ལྟར་བྱེད་པའི་ཐད་སློབ་ཁྲིད་ཆེན་པོ་འདིས་འཚོལ་ཞིབ་ཡག་པོ་ཞིག་བྱས་ཡོད།
མཐོ་རིམ་སློབ་འབྲིང་གི་སློབ་ཚན་འགན་འཁུར་བ་དང་ཧྥུའུ་ཅན་ཧྥུའུ་ཀྲོའུ་སློབ་འབྲིང་གསུམ་པའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཁྲེན་ཞའོ་ཆིང་གིས“སློབ་ཁྲིད་ཚོགས་པས་ཧྥུའུ་ཅན་དམག་གྲུ་དང‘ཧྭ་ལུང་རྟགས་ཅན་ཨང་དང་པོ’སོགས་ཀྱི་གཞི་རྒྱུ་གང་ལེགས་བསྔོགས་ཏེ། དངུལ་རྩའི་བདེ་འཇགས་ཀྱི་རིགས་གཅིག་མཁས་ཅན་དང་གླིང་སྣེའི་ས་ཁུལ་གྱི་རྒན་རབས་ཚན་རིག་མཁས་ཅན་སོགས་གདན་དྲངས་ནས་སློབ་ཁྲིད་བྱས་ཏེ་དངུལ་རྩའི་བདེ་འཇགས་དང་། ཉིང་རྡུལ་གྱི་བདེ་འཇགས། གླིང་སྣེའི་བདེ་འཇགས་ཀྱི་སློབ་ཁྲིད་ནང་དོན་ཁ་གསལ་གོ་བདེར་ཧུར་ཐག་བཏང་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།
རྒྱལ་ཁབ་བདེ་འཇགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ་ཞིག་མཉམ་དུ་འཚོགས་རྗེས། ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་དེ་བས་མང་བ་བྱུང་བ།
“ང་ཚོ་ནི་ཞི་བདེའི་ལོ་རབས་སུ་འཚོ་བཞིན་པ་ཞིག་མིན་པར་ཞི་བདེའི་རྒྱལ་ཁབ་ཏུ་འཚོ་བའི་བསྐལ་པ་བཟང་པོ་བྱུང་བ་ཞིག་ཡིན། ང་ཚོ་མི་རེ་ངོ་རེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཐོབ་མཁན་དང་ཕན་པ་ཐོབ་མཁན་ཡིན་ལ་དེའི་ནང་ཞུགས་མཁན་དང་མཉམ་དུ་སྐྲུན་མཁན་ཡང་ཡིན་དགོས”ཞེས་ཧྲན་ཤིས་ཐའེ་ཡོན་ཁྲེང་ཁྲེང་སློབ་འབྲིང་གི་སློབ་མ་ཀུའོ་ཤིན་ཡའོ་ཡིས་བཤད།
“བཀོལ་སྤྱོད་བྱེད་ཐེངས་རེར་ངེས་པར་དུ་མགྱོགས་མྱུར་དང་གནད་སྨིན་ཡིན་དགོས་པ་དང་། ཚོད་ལྟའི་བཀོལ་སྤྱོད་ཀྱི་བདེ་འཇགས་ཚད་གཞིར་བརྩི་སྲུང་ཞུ་དགོས། དེ་མིན་ཤུགས་ཚད་ཀྱི་ཁྱད་པར་ཅུང་ཟད་ཙམ་གྱིས་ཀྱང་མཁའ་འགྲུལ་གྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་སྲིད། མཁའ་འགྲུལ་ཆེད་ལས་ཀྱི་སློབ་མ་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་ནི་དཀའ་སྤྱད་སློབ་སྦྱོང་དང་རྩལ་ནུས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་ཞིག་རེད”ཅེས་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་ཆེན་གྱི་སློབ་མ་ཧུའུ་ཡུས་ཡིང་གིས་བཤད།
“ང་ལ་མཚོན་ན། རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་རེ་འདོད་ཟོལ་མེད་རེད། དམག་མིའི་རྗེས་རབས་པ་དང་ཉེན་རྟོག་སློབ་གྲྭའི་སློབ་མ་ཞིག་ཡིན་པའི་ངོས་ནས། ང་རང་གིས་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་ཆེད་དུ་སྒལ་ཚིགས་དྲང་པོར་བསྲངས་ནས་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་ཞིག་བྱ་རྒྱུ་ཡིན”ཞེས་ཐོལ་བྱུང་གི་གཏུམ་སྤྱོད་དོན་རྐྱེན་གྱི་མདུན་དུ་འཕྲལ་ཐག་ཆོད་པོས་བྱ་སྤྱོད་སྤེལ་བ་དང་བདེན་པའི་རྒྱབ་ལངས་བྱེད་མཁན་ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་གྱི་སློབ་མ་ཀེང་ཧྥེ་ཐུང་གིས་བཤད།
ལང་ཚོའི་སྟོབས་ཤུགས་འདོན། ཐེག་པ་ཁུར་དུ་ལེན། བློ་བརྟན་འགྱུར་མེད་ཀྱི་དད་སེམས་དེ་གཞོན་ནུ་ལོ་ཆུང་གི་སེམས་སུ་གཏིང་ཟབ་འཇགས་པར་བྱས་པ་མ་ཟད། དེ་ཉིད་མེས་རྒྱལ་གྱི་རི་ཆུ་སྲུང་སྐྱོང་དང་རྒྱལ་ཁབ་བདེ་ཞིང་དམངས་རྣམས་སྐྱིད་པའི་དཔའ་ངར་དང་སྟོབས་ཤུགས་སུའང་བསྒྱུར་ཡོད།
འབྲེལ་ཡོད་གསར་འགྱུར།