དུས་ཚོད་དམ་འཛིན་གྱིས་ལས་དོན་མགྱོགས་མྱུར་བསྒྲུབས་ཏེ་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།
ཀུའེ་ཚུང་ལུའུ།
ཕྱི་རོལ་གྱི་གནས་བབ་སྔར་བས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱབ་ལྗོངས་འོག དུས་ཚིགས་དང་པོར་རང་རྒྱལ་གྱི་དཔལ་འབྱོར་འགོ་ཚུགས་ཡག་པོ་བྱུང་བ་དང་། སྤྱི་ཁོག་གི་དམིགས་ཚད་གཙོ་བོའི་འཕར་ཚད་སླར་གསོ་བྱུང་ཡོད། འདི་ནི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པའི་འབྲས་བུ་ཞིག་ཡིན་ཞིང་། དེ་ལས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ཚན་རིག་རང་བཞིན་ར་འཕྲོད་གང་ལེགས་བྱུང་ཡོད་ལ། རང་རྒྱལ་གྱི་འཕེལ་རྒྱས་མཉེན་ཆ་དང་གསོན་ཤུགས་ཀྱང་མཚོན་ཡོད།
མིག་སྔར། དཔལ་འབྱོར་བརྟན་ཁྲོད་ལེགས་འཕེལ་གྱི་རྣམ་པ་སྲ་བརྟན་དང་རྒྱ་སྐྱེད་ཇི་ལྟར་གཏོང་དགོས་སམ་ཞེ་ན། གཅིག་ནས་གདེང་ཚོད་བརྟན་དུ་གཏོང་དགོས་པ་དང་། གཉིས་ནས་དུས་ཚོད་དམ་འཛིན་གྱིས་ལས་དོན་མགྱོགས་མྱུར་སྒྲུབ་དགོས།
ནང་གནས་ཀྱི་སྒུལ་ཤུགས་ཆེན་པོ་ཡོད་ན་བརྟན་ཁྲོད་ལེགས་འཕེལ་ལ་གཞི་ནས་འདེགས་སྐྱོར་ཐུབ་པ་དང་རྒྱུན་མཐུད་ཡོང་ཐུབ། དུས་ཚིགས་དང་པོར་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་12.5%འཕར་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་བྱུང་བར་དཔང་པོ་བྱས་ཡོད་པ་དང་། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་2.4%འཕར་བ་དང་ལོ་གོང་མའི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས་0.7མགྱོགས་སུ་ཕྱིན་པ་དེ་ལས་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་མངོན་པ་མཚོན་ཡོད། སྒྱུར་བཅོས་ལ་བརྟེན་ནས་འགག་གནད་བསལ་ཚེ། ལེགས་ཆ་སྣ་མང་དེ་དག་འཕེལ་ཕྱོགས་བཟང་པོར་སྔར་བས་གཞན་སྒྱུར་བྱེད་ཐུབ།
དོན་འཁྱོལ་ལ་དམ་འཛིན་བྱེད་པར་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་རེད། ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ཆེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆ་མཚོན་ན། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་མོད་ཀྱང་ས་ཁོངས་དང་གྲོང་ཁྱེར་གྲོང་གསེབ་ཀྱི་འཕེལ་རྒྱས་དོ་སྙོམས་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་དགོས་ན་གཙོ་བོ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུས་པ་ཆེ་རུ་དང་སྤུས་ཚད་མཐོ་རུ་འགྲོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།
འགོ་ཚུགས་ཇི་ཙམ་གྱིས་ཡག་པོ་བྱུང་ན་དེ་ཙམ་གྱིས་ངར་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་འཕེལ་ཕྱོགས་བཟང་པོ་རྒྱ་སྐྱེད་གཏོང་དགོས། སྤྱི་ཡོངས་ཀྱི་ཐོག་ནས་བསམ་གཞིག་བྱེད་པ་དང་བྱ་སྤྱོད་སྤེལ་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཚེ། ཀྲུང་གོའི་དཔལ་འབྱོར་གསར་པ་དང་ལེགས་ཕྱོགས་སུ་འཕེལ་རྒྱས་གཏོང་རིང་གཞི་རྩ་བརྟན་དུ་འགྲོ་ཐུབ་པ་དང་རང་འགུལ་དབང་ཆ་ཐོབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།