དུས་ཚིགས་དང་པོར་ཀྲུང་ཡོའི་དུས་གཏན་མེ་འཁོར་5460བཏང་བ་དེ་དུས་མཚུངས་ལས་29%འཕར་བ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཁྱོན་5460བཏང་བ་དང་དངོས་ཟོག་ཚད་ལྡན་སྒམ་ཁྲི་54.6སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་29%དང་22%སོ་སོར་འཕར་ནས་སྤུས་འབོར་གཉིས་ཀ་འཕར་བའི་རྣམ་པ་བཟང་པོ་མངོན་པ་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་རྒྱལ་སྤྱིའི་ཟོག་འགྲུལ་སྤུས་རྟགས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།
ལམ་དྲའི་ཁྱབ་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་པ། མངའ་ཁོངས་སུ་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ལམ་ཐིག་93བཀོད་སྒྲིག་བྱས་པ་དང་། མངའ་ཁོངས་ཕྱིའི་སྣེ་མང་ཅན་གྱི་བགྲོད་ལམ་རྒྱ་སྐྱེད་ཧུར་ཐག་བཏང་ཡོད། མིག་སྔར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཡོ་རོབ་ཀྱི་རྒྱལ་ཁབ་26གི་གྲོང་ཁྱེར་235ལ་ཤར་གཏོང་ཐུབ་པ་དང་། ཞབས་ཞུའི་ཁྱབ་ཁོངས་ཀྱང་གཞི་རྩའི་ཆ་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཡོངས་ལ་ཁྱབ་ཡོད།
འགག་སྒྲོལ་ནུས་ཕྱོད་རྒྱུན་མཐུད་ཆེ་རུ་ཕྱིན་པ། འགག་སྒོའི་སྡེ་ཚན་དང་མཉམ་ལས་དམ་ཟབ་བྱས་ཏེ། “ལྕགས་ལམ་མྱུར་བགྲོད”ཀྱི་རྣམ་པ་ཁྱོན་ཡོངས་ནས་ཁྱབ་གདལ་དང་འགག་སྒྲོལ་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། འགག་སྒོ་སྒྲོལ་བའི་དུས་ཡུན་ཐུང་ཤོས་སྐར་མ་30ནང་ཚུན་ཡིན་པ་རེད།
ཟོག་འགྲུལ་ཐོན་རྫས་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། གཟའ་འཁོར་རེར་མངའ་ཁོངས་ཕྱི་ནང་གི་ལམ་ཐིག་ཧྲིལ་པོའི་དུས་ཚོད་རེའུ་མིག་ལག་བསྟར་བྱེད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་22བཏང་བ་དེ་ཀྲུང་གོའི་གྲོང་ཁྱེར་9དང་ཡོ་རོབ་ཀྱི་གྲོང་ཁྱེར་6ལ་ཁྱབ་ནས་ལམ་ཐིག་ཧྲིལ་པོའི་འཁོར་སྐྱོད་དུས་ཚོད་དེ་འདྲ་གཅིག་མཚུངས་ཀྱི་འཁོར་སྐྱོད་ལམ་ཐིག་ཏུ་སྐྱོད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་དཀྱུས་མ་ལས་དུས་ཚོད་30%ཡན་ཐུང་དུ་ཕྱིན་པ་དང་། ཆ་སྙོམས་དོས་སྒམ་རྐྱང་པའི་ཟོག་ཐང་41%འཕར་ནས་རྒྱལ་སྤྱིའི་ཟོག་འགྲུལ་ཁྲོམ་རའི་དགའ་བསུ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།