ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།
“དོན་དངོས”ལ་ཤུགས་སྣོན་བརྒྱབ་ནས་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ།
མིག་སྔར། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་བརྗོད་དོན་གཙོ་བོར་དམིགས་པ་དང་དངོས་ཕན་དོན་གཉེར་མཐའ་འཁྱོངས་བྱས་ནས“དོན་དངོས”ལ་ཤུགས་སྣོན་བརྒྱབ་སྟེ་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ཤུགས་ཚད་ལྡན་པ། ལེགས་བཅོས་ལ་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱས་ཡོད།
ཟབ་སྦྱོང་མཐིལ་རྟོགས་དང་བློ་སྒྲིལ་སེམས་སྐྱེད་བྱས་པ།
“བེད་མེད་དུ་བསྐྱུར་བའི་གཏེར་དོང་ནས་སྐྱེ་ཁམས་མཛེས་ལྗོངས་ཁུལ་དུ་གྱུར་བའི་བར་ནི་རྒྱུན་འཁྱོངས་ལྷོད་མེད་ངང་ལས་དོན་སྒྲུབ་པའི་སྙིང་རུས་ལ་བརྟེན་པ་ཞིག་དང་དེ་ལས་མངོན་པ་ནི‘བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད་པའི’སྲིད་དོན་ལས་རྗེས་ལྟ་བ་རེད”ཧྲན་ཏུང་ཝུའེ་ཧའེ་ཧོན་ཚུའེ་ཆུས་སུང་ཧྲན་ཁྲོམ་གཞུང་ཧྭ་ཤ་གྲོང་གི་སྐྱེ་ཁམས་ཤེས་དཔལ་ཁང་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བས་ཏང་ཡོན་ལས་བྱེད་པར་མྱོང་ཚོར་ཟབ་མོ་བྱུང་ཡོད། ཝུའེ་ཧའེ་གྲོང་ཁྱེར་གྱིས་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ས་གནས་ས་ཐོག་གི་སློབ་ཁྲིད་ཟུང་འབྲེལ་བྱས་ནས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་གཞི་རྟེན་དུ་བྱས་ནས་ཏང་ཡོན་ལས་བྱེད་པ་ཁག་བགོས་ཀྱིས་ས་གནས་དེ་གའི་སྒྱུར་བཅོས་འཕེལ་རྒྱས་དང་། གཞི་རིམ་བཅོས་སྐྱོང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་སློབ་ཁྲིད་ས་ཚིགས་སུ་བསྐྱོད་པར་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་སློབ་གསོ་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་ཡོད།
ཀོང་ཏུང་ཀོང་ཀྲོའུ་གྲོང་ཁྱེར་གྱིས་སློབ་སྦྱོང་བགྲོ་གླེང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ནང་དོན་དེ་རིམ་ཁག་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)འཛིན་གྲྭ་གཙོ་བོའི་ནང་བཅུག་སྟེ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་དཔེ་ཀློག་འཛིན་གྲྭ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་། ཆེད་དོན་བགྲོ་གླེང་སོགས་ཀྱི་རྣམ་པ་བརྒྱུད་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་བྱེད་པར་སྐུལ་འདེད་བཏང་སྟེ་སྦྱངས་ནས་བསམ་གཞིག་ཐུབ་པ་དང་། སྦྱངས་ནས་གོ་རྟོགས་སད་པ། སྦྱངས་ནས་འབྲས་བུ་ཐོན་པ་བཅས་བྱས་ཡོད།
གྲི་དངོ་རང་གཏད་དང་དངོས་བཤེར་དངོས་བཅོས་བྱས་པ།
ཀན་སུའུ་ལན་ཀྲོའུ་ཁུལ་གསར་ཏང་གི་ལས་དོན་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོར་དམིགས་པ་དང་སྤྱི་འདོམས་འཆར་འགོད་བྱས་ཏེ། རྫོང་རིམ་པའི་ཚན་པ་དང་གཞི་རིམ་ཏང་རྩ་འཛུགས་སྒྲིག་འཛུགས་ཀྱིས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སློབ་སྦྱོང་སློབ་གསོ་སྤེལ་ཡོད། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་ཀྱི་གནད་དོན་གཙོ་བོའི་གསལ་ཐོ་དང་ཞིབ་བསྡུར་བྱ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱིས་འདོན་པ་དང་། རང་ཉིད་ཀྱིས་འཚོལ་བ། གོང་རིམ་ནས་གསལ་འདོན་བྱེད་པ། ཕན་ཚུན་རོགས་རམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་གནད་དོན་འཚོལ་བཤེར་དང་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་གནད་དོན་དག་ཐེར་དང་ཆེད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ཡོད།
རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པའི་ཏང་ཙུའུ་ཡིས་ཚོགས་པ་དང་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ་དང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པར་ཚོད་འཛིན་བཟོ་བ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ་ཏང་ཡོན་ལས་བྱེད་པས་ཏང་གཤིས་ཐད་ཧེ་བག་འཚོལ་བ་དང་། འབྱུང་རྩ་འཚོལ་བ། བློ་སྦྱོང་ཟབ་ཏུ་གཏོང་བ་བཅས་ཀྱི་བླང་བྱ་བཏོན་ཡོད། དེ་དང་ཆབས་ཅིག་དག་ཐེར་བྱེད་པ་དེ་ཚོགས་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་ལག་བསྟར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དག་ཐེར་སོགས་དང་ཟུང་འབྲེལ་བྱས་ནས། སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་ཀྱི་གནད་དོན་ཁག་གཅིག་ཡོ་བཅོས་ཏན་ཏིག་བྱེད་པ་དང་གཙོ་གནད་ལས་འགན་ཁག་གཅིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས“དམ་ནན”གྱི་སྤྱོད་ཚུལ་བསྐྱངས་ནས་ཕན་འབྲས“ཏན་ཏིག”ཐོན་པའི་འགན་ལེན་བྱས་ཡོད།
འགན་འཁྲི་འཁུར་བ་དང་དཀའ་གནད་བསལ་བ།
ཧྲན་ཤིས་ཏ་ཐུང་གྲོང་ཁྱེར་གྱིས་དམངས་ཀྱི་དགོས་མཁོ་འདྲི་བ་དང་དམངས་ལ་ཐབས་ཇུས་འདྲི་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་དགོས་མཁོ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཏེ། གནད་དོན་ལ་བསམ་གཞིག་བྱེད་པ་དང་ཐབས་ཇུས་བཀོད་དེ་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པའི་ཆུ་ཚད་མཐོ་རུ་བཏང་ཡོད། གྲོང་ཁུལ་གཙོ་བོའི་ཡུས་ཏུང་ཁུལ་གྱི་གསར་སྐྲུན་ཁུལ་ཆུང་དུ་འདུས་སྡོད་བྱེད་མཁན་མང་བ་དང་། སློབ་ལོ་ལོན་པའི་བྱིས་པ་རྒྱུན་མཐུད་མང་དུ་འགྲོ་བ། སློབ་གནས་མཁོ་སྤྲོད་ཁ་ཐང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་མང་ཚོགས་ཀྱིས་བཏོན་པའི་སློབ་གྲྭ་གསར་པའི་ས་ཆ་འདེམས་པ་དང་སློབ་གཉེར་གཞི་ཁྱོན་ཐད་ཀྱི་གྲོས་འགོ་བསྡུ་ལེན་རྒྱ་ཁྱབ་བྱས་ནས། འཛིན་གྲྭ་12གཤོང་ཐུབ་པའི་སློབ་ཆུང་གསར་པ་ཞིག་འཆར་འགོད་འཛུགས་སྐྲུན་བྱས་ཏེ་མང་ཚོགས་ཀྱིས་བློ་ཡིད་ཚིམ་མིན་དེ་ཚན་རིག་དང་མཐུན་པའི་ཐབས་ཇུས་ཡིན་མིན་གྱི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད།
ཀྲེ་ཅང་ཅིན་ཧྭ་ཏུང་དབྱང་གྲོང་ཁྱེར་གྱིས་ཕྱོགས་བསྡུས་དཔྱད་ཞིབ་ཀྱི“གྲུབ་འབྲས་དངོས་ཀྱི་ཡིག་ཚགས”བཟོས་ནས“གྲོང་རྡལ་དང་གྲོང་ཚོས་དྲི་བ་འདོན་པ་དང་། སྡེ་ཚན་གྱིས་དྲིས་ལན་འདེབས་པ། འཐབ་ས་དང་པོར་བསྐྱོད་ནས་གནད་དོན་ཐག་གཅོད་བྱེད་པའི”ལས་ཀའི་ལམ་སྲོལ་གཏིང་ཟབ་ཏུ་བཏང་སྟེ། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཟའ་འཁོར་རེར་གྲོང་རྡལ་དང་། ཤང་། ཁྲོམ་གཞུང་བཅས་དང་དེ་བཞིན་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཐབ་ས་དང་པོར་ལྟ་སྐུལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བར་འགྲོ་དགོས་པ་དང་། སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གཟའ་འཁོར་རེར་གྲོང་རྡལ་དང་། ཤང་། ཁྲོམ་གཞུང་བཅས་སུ་བཅའ་སྡོད་བྱས་ནས་མཁོ་དགོས་འདྲི་བ་དང་དཀའ་ངལ་སེལ་དགོས་པ། གྲོང་རྡལ་དང་། ཤང་། ཁྲོམ་གཞུང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གཟའ་འཁོར་རེར་གྲོང་ཚོར་ལས་སྒྲུབ་བྱེད་པར་སྐྱོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་ཐུབ་པ་དང་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།