སི་ཕེན་གྱིས་གློག་སྒུལ་རླངས་འཁོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་བ།
ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་ལག་གདང་སྦྲེལ་ནས་མཉམ་དུ་འཚར་ལོངས་དང་མཉམ་དུ་ཕན་པ་ཐོབ་པའི་སྐྱེ་ཁམས་མ་ལག་གཏོད་པ།

འདི་ནི་2026ལོའི་འཛམ་གླིང་སྒུལ་འཕྲིན་ཚོགས་ཆེན་རིང་། ལྟ་སྐོར་བས་ཞའོ་སྨི་ཀུང་སིས་འགྲེམས་སྟོན་བྱས་པའི་གློག་སྒུལ་རླངས་འཁོར་གསར་པར་ཉམས་ལེན་བྱེད་བཞིན་པ།

འདི་ནི་མ་ཏེ་རི་ཁྲོམ་གཞུང་དུ་འགྲུལ་བཞུད་བྱེད་བཞིན་པའི་ཀྲུང་གོའི་སྤུས་རྟགས་ཀྱི་གློག་སྒུལ་རླངས་འཁོར་ཡིན་པ།
སི་ཕེན་གྱི་རྒྱལ་ས་མ་ཏེ་རིའི་ཁྲོམ་གཞུང་དང་སྲང་ལམ་དུ་གློག་སྒུལ་རླངས་འཁོར་ནི་རྒྱུན་མཐོང་ལ་གྱུར་ཞིང་། དེའི་ནང་པི་ཡཱ་ཏི་དང་མིང་ཅུའེ་སོགས་ཀྲུང་གོའི་སྤུས་རྟགས་གློག་སྒུལ་རླངས་འཁོར་ཡང་སེ་མཐོང་རྒྱུ་ཡོད་པ་དང་རླངས་འཁོར་དེ་དག་ས་གནས་དེ་གའི་ལྗང་མདོག་འགྲུལ་བཞུད་ཀྱི་གདམ་ག་གསར་པར་གྱུར་ཡོད། སི་ཕེན་གྱི་རླངས་འཁོར་ལས་རིགས་སྒྲིག་གཞིའི་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར། སི་ཕེན་གྱི་གློག་སྒུལ་རྐྱང་པ་དང་སྣུམ་གློག་མཉམ་སྤྱོད་ཀྱི་འགྲུལ་སྤྱོད་རླངས་འཁོར་ཐོ་འགོད་བྱེད་ཚད་དུས་མཚུངས་ལས་58.4%འཕར་བ་དང་། གློག་སྒུལ་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་བརྟན་པོ་བཏང་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
རླངས་འཁོར་ཐོན་ལས་ཕྱོགས་སྒྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བ།
2025ལོའི་ཟླ་བ་12པའི་ཟླ་འགོར། སི་ཕེན་སྲིད་གཞུང་གིས“སི་ཕེན་རླངས་འཁོར་གྱི་2030འཆར་གཞི”དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། དེའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་རླངས་འཁོར་གློག་སྒུལ་ཅན་གྱི་ཕྱོགས་སྒྱུར་གོ་སྐབས་དམ་འཛིན་གྱིས་རང་ངོས་ཡོ་རོབ་མནའ་འབྲེལ་གྱི་རླངས་འཁོར་ཐོན་སྐྱེད་རྒྱལ་ཁབ་ཆེ་གྲས་ཨང་གཉིས་པའི་གནས་བབ་བརྟན་དུ་བཏང་ནས་ཐོན་ལས་ཐད་ཀྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་ཆེད་ཡིན་པ་རེད།
ཉེ་ཆར། སི་ཕེན་ནུས་རྒྱུའི་རྒྱལ་དོན་དྲུང་ཆེ་ཧོ་སའེ·ཏོ་མིང་ཀོ་སི་ཡིས། 2030ལོར་སི་ཕེན་གྱི་གློག་སྒུལ་རླངས་འཁོར་ཁྲི་500ལམ་དུ་སྐྱོད་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བར་འགྱུར་བ་མེད། ཁོང་གིས། དམིགས་ཚད་དེ་མངོན་འགྱུར་བྱེད་པར་འགྲན་སློང་རང་བཞིན་ཆེ་ཙམ་ཡོད་ཀྱང་། དམངས་ཚོགས་ཀྱིས་གློག་སྒུལ་རླངས་འཁོར་དང་ལེན་བྱེད་ཚད་དེ་ལས་རིགས་ཀྱི་སྔོན་དཔག་ལས་ཆེ་བ་ཡོད་པས། དམིགས་ཚད་དེ་ལེགས་གྲུབ་དང་ཚད་བརྒལ་ཡོང་བར་སི་ཕེན་ལ་ཡིད་ཆེས་ཆེན་པོ་ཡོད་ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། སི་ཕེན་གྱིས“གློག་སྒུལ་དང་དྲ་སྦྲེལ་རླངས་འཁོར་གྱི་འཐབ་ཇུས་རྣམ་གྲངས”སོགས་ཀྱི་ལམ་སྲོལ་བརྒྱུད། སྤྱི་པའི་མ་དངུལ་དང་སྤྱི་ཚོགས་ཀྱི་མ་རྩ་བསྡུ་སྒྲིལ་བྱས་ཏེ། གློག་སྒུལ་རླངས་འཁོར་ཧྲིལ་པོ་དང་། གློག་རྫས། དེ་བཞིན་ལྷན་སྦྱར་རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་ཁྱབ་ཁོངས་ལ་གཙོ་གནད་ཐོག་བཀོད་སྒྲིག་བྱས་པ་དང་དེའི་དམིགས་ཡུལ་ནི་ཆ་ལག་ཚང་བའི་གློག་སྒུལ་ཅན་གྱི་སྐྱེ་ཁམས་མ་ལག་སྐྲུན་ཆེད་རེད། སི་ཕེན་གྱི་དཔལ་འབྱོར་དང་། ཚོང་དོན། ཁེ་ལས་བཅས་ཀྱི་ལས་སྒོ་ཞིབ་འཇུག་སོའུ་ཡི་མཐོ་རིམ་ཞིབ་འཇུག་པ་ཧོ་སའེ·ཏི་ཨེ་སི་ཡིས། གློག་སྒུལ་ཅན་གྱི་ཐོན་ལས་ལ་དུས་འགོར་མ་དངུལ་གཏོང་མང་བ་དང་ཡུན་རིང་ཁེ་སྤོགས་བརྟན་པའི་ཁྱད་ཆོས་ལྡན་ཡོད་པས། སྲིད་ཇུས་བརྡ་རྟགས་ཀྱི་བརྟན་པོའི་རང་བཞིན་ནི་གལ་ཆེན་ནང་གི་འགངས་ཆེན་རེད། སྲིད་ཇུས་ལ་འགྱུར་ལྡོག་ཡང་སེ་བཏང་ཚེ་སྐྱེད་སྲིང་དུས་རིམ་དུ་གནས་པའི་གསར་དར་ཐོན་ལས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས། དེ་ཡང་སི་ཕེན་གྱིས་གཏན་འཁེལ་བྱས་ཟིན་པའི་ཕྱོགས་སྒྱུར་ལམ་ཐིག་མཐའ་འཁྱོངས་བྱེད་པའི་རྒྱུ་མཚན་གལ་ཆེན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
གློག་སྒུལ་རླངས་འཁོར་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ།
མིག་སྔར། སི་ཕེན་གྱི་རླངས་འཁོར་གློག་སྒུལ་ཅན་ལ་ཕྱོགས་སྒྱུར་བྱེད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། འཕེལ་ཕྱོགས་ཡག་པོའང་རྒྱུན་འཁྱོངས་ཐུབ་ཡོད། སི་ཕེན་གྱི་རླངས་འཁོར་དང་ལྗིད་ཐེག་རླངས་འཁོར་བཟོ་སྐྲུན་ཚོང་པའི་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། 2025ལོར། སི་ཕེན་གྱི་འགྲུལ་སྤྱོད་རླངས་འཁོར་གྱི་ཁྲོམ་ར་བརྟན་པོའི་ངང་འཕར་བའི་ནང་གློག་སྒུལ་རྐྱང་པའི་རླངས་འཁོར་གསར་པ་ཐོ་འགོད་བྱེད་ཚད་དུས་མཚུངས་ལས་75.7%འཕར་བ་དང་། སྣུམ་གློག་མཉམ་སྤྱོད་སྒུལ་ཤུགས་ཀྱི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་118.7%འཕར་ཡོད། 2025ལོར། སྣུམ་གློག་མཉམ་སྤྱོད་སྒུལ་ཤུགས་དང་གློག་སྒུལ་རྐྱང་པའི་འཁོར་རིགས་ཀྱིས་རླངས་འཁོར་ཐོན་ཚད་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་12%ལས་བརྒལ་བས་ལོ་གོང་མ་ལས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
“སི་ཕེན་རླངས་འཁོར་གྱི་2030འཆར་གཞི”ནི་གློག་སྒུལ་ཅན་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་བྱ་ཐབས་ཤིག་ཡིན་ཞིང་། སི་ཕེན་གྱི་བཟོ་ལས་དང་། ཚོང་དོན། ཡུལ་སྐོར་བཅས་སྡེ་ཚན་གྱིས་སྣེ་ཁྲིད་དེ་ལག་ལེན་བསྟར་ནས། ཐོན་ལས་དང་། འཛད་སྤྱོད། རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་ཐད་ལ་དམིགས་ནས་མཉམ་དུ་ཤུགས་རྒྱག་རྒྱུ་ཡིན་པ་རེད།
འཛད་སྤྱོད་ཐད། སྔར་ཡོད་ཀྱི་ལྕག་སྐུལ་འཆར་གཞིའི་རྨང་གཞིའི་ཐོག 2026ལོར། སི་ཕེན་གྱིས་ཡོ་སྒོར་དུང་ཕྱུར་4བཏང་ནས་གློག་སྒུལ་རླངས་འཁོར་ཉོ་སྒྲུབ་ཀྱི་ཐད་ཀའི་ཁ་གསབ་ཏུ་སྤྱོད་རྒྱུ་དང་། དུས་མཚུངས་སུ་ཡོ་སྒོར་དུང་ཕྱུར་3ཁ་སྣོན་བརྒྱབ་སྟེ་གློག་གསོག་ས་ཚིགས་འཛུགས་སྐྲུན་ཐད་སྤྱད་ནས། ཁ་གསབ་དང་དངུལ་རྩའི་ཡོ་བྱད་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་གློག་སྒུལ་རླངས་འཁོར་གྱི་མཐའ་སྣེའི་རིན་གོང་རིམ་བཞིན་ཡོ་སྒོར་ཁྲི་2.5མན་བར་ཆག་པར་སྐུལ་འདེད་བཏང་ནས། དམངས་ཚོགས་ཀྱིས་རླངས་འཁོར་ཉོ་བའི་མ་གནས་དམའ་རུ་གཏོང་རྩིས་ཡོད་པ་རེད།
རྨང་གཞིའི་སྒྲིག་བཀོད་ཐད། སི་ཕེན་གྱིས“རྒྱལ་ཁབ་ཀྱི་གློག་གསོག་བར་ཁྱམས་འཛུགས་སྐྲུན་འཆར་གཞིར”གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། སི་ཕེན་འགྲིམ་འགྲུལ་སྐྱེལ་འདྲེན་དང་རྒྱུན་མཐུད་ཆོག་པའི་འགྲོ་སྐྱོད་པུའུ་ཡི་སྤྱི་བསྒྲགས་ལས་མངོན་པར་གཞིགས་ན། འཆར་གཞི་དེར་ཡོ་སྒོར་དུང་ཕྱུར་3ཙམ་བཏང་ཞིང་། མྱུར་བགྲོད་གཞུང་ལམ་དང་དེ་བཞིན་ས་ཁོངས་བརྒལ་བའི་འགྲིམ་འགྲུལ་བར་ཁྱམས་ཀྱི་གློག་གསོག་དྲ་རྒྱ་གཙོ་གནད་ཐོག་བསྐྲུན་ཏེ། རྒྱལ་ཡོངས་ཀྱི་གློག་གསོག“གློག་དྲ་གཙོ་བོ”འཐུས་སྒོ་ཚང་དུ་གཏོང་བ་དང་། ཡོ་རོབ་ལྷོ་མའི་ས་ཁུལ་དུ་ཡུན་རིང་གནས་པའི་གློག་སྒུལ་རླངས་འཁོར་གྱི་ལམ་ཐག་གི་སེམས་ཁྲལ་ནུས་ལྡན་ངང་ཆུང་དུ་བཏང་ནས། ས་ཁོངས་བརྒལ་བའི་གློག་སྒུལ་འགྲུལ་བཞུད་ལ་འགན་སྲུང་བྱས་ཏེ་ཁྲོམ་རའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད།
རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཐུན་མོང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ།
ཉེ་བའི་ལོ་ཤས་རིང་། སི་ཕེན་གྱིས་གློག་སྒུལ་རླངས་འཁོར་ཐོན་ལས་འཕེལ་རྒྱས་ཀྱི་ལྕག་སྐུལ་སྲིད་ཇུས་ལ་སྐུལ་འདེད་གཏོང་བ་དེ་ཀྲུང་གོའི་གློག་སྒུལ་རླངས་འཁོར་སྤུས་རྟགས་ཀྱི་ལེགས་ཆ་དང་ཕན་ཚུན་གསབ་རེས་བྱས་པས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་སི་ཕེན་གྱི་འཛད་སྤྱོད་པ་མང་པོ་ཞིག་གི་དགའ་བསུ་ཐོབ་ཡོད། སི་ཕེན་རླངས་འཁོར་བརྒྱུད་ཚོང་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ལོ་མཇུག་ཏུ་ཀྲུང་གོའི་རླངས་འཁོར་སྤུས་རྟགས་ཀྱིས་སི་ཕེན་གྱི་ཁྲོམ་རར་སྐལ་གྲངས་བཟུང་ཚད་10.2%བར་འཕར་བ་དེ་ལོ་གོང་མ་ལས་ཇེ་ཆེར་འཕར་ནས་ཡོ་རོབ་མནའ་འབྲེལ་གྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་གཉིས་ཙམ་ཟིན་ཡོད་པ་རེད།
ཐོན་ལས་མཉམ་ལས་ཐད། མིང་ཅུའེ་དང་། པི་ཡཱ་ཏི། ཆི་རུའེ། ཉིང་ཏེ་དུས་རབས་སོགས་ཀྲུང་གོའི་ཁེ་ལས་ཀྱིས་རང་ཡུལ་ཅན་གྱི་ཐོན་སྐྱེད་དང་། ཞིབ་སྤེལ། མཁོ་སྤྲོད་འཁོར་འབྲེལ་བཅས་ཀྱི་བཀོད་སྒྲིག་བྱེད་སྟངས་ལ་མཐོང་ཆེན་བྱེད་ཀྱི་ཡོད། ལྷག་པར་དུ་གློག་རྫས་དང་དེའི་འགག་རྩའི་ལྷུ་ལག་ཁྱབ་ཁོངས་སུ་ཀྲུང་གོ་དང་སི་ཕེན་གྱི་མཉམ་ལས་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་བྱུང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཆི་རུའེ་ཀུང་སི་དང་སི་ཕེན་གྱི་ཨའེ་པུའུ་ལུའོ་ཀུང་སི་མཉམ་ལས་བྱས་ཏེ་པ་སའེ་ལུའོ་ནའི་ཐོན་སྐྱེད་རྟེན་གཞིར“ཀྲུང་གོའི་ལག་རྩལ་དང་ས་གནས་དེ་གའི་སྤུས་རྟགས་ཟུང་དུ་འབྲེལ་བའི”རྣམ་པ་སྤྱད་དེ་སྔར་ཡོད་ཀྱི་བཟོ་གྲྭ་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱས་ནས་ས་གནས་དེ་གའི་བཟོ་ལས་རྒྱུ་ནོར་ནུས་ལྡན་ངང་ཕན་སྒྱུར་བྱས་པ་དང་ལས་ཞུགས་ལས་གནས་འབོར་ཆེན་གཏོད་ཡོད་པ་རེད།
སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡའོ་ཅིང་གིས། ལྗང་མདོག་ཕྱོགས་སྒྱུར་ལ་ཕྱོགས་ཁག་མཉམ་ལས་བྱེད་དགོས་པ་ལས། རྒྱལ་ཁབ་བམ་ཁེ་ལས་གང་རུང་ཞིག་གིས་ཁེར་རྐྱང་དུ་ལེགས་སྒྲུབ་བྱེད་ཐུབ་ཀྱི་མེད། ཀྲུང་གོ་དང་སི་ཕེན་གྱིས་མཐུན་སྦྱོར་དང་། ཕན་ཚུན་ཡིད་ཆེས། ཐུན་མོང་གི་འདུན་པ་བཅས་ལ་བརྟེན་ནས་མཉམ་དུ་འཚར་ལོངས་དང་མཉམ་དུ་ཕན་པ་ཐོབ་པའི་སྐྱེ་ཁམས་མ་ལག་གཏོད་དགོས། ཀྲུང་གོས་སི་ཕེན་དང་ལག་རྩལ་མཉམ་སྤྱོད་དང་གོ་སྐབས་མཉམ་སྤྱོད་བྱས་ནས་ས་གནས་དེ་གའི་སྡེ་ཁུལ་དང་ཐོན་ལས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།