འཛད་སྤྱོད་སྐུལ་སྤེལ་སྲིད་བཟང་ལས། ཁྲོམ་རའི་གསོན་ཤུགས་རབ་ཏུ་འཕེལ།
ད་ལོ་ཚུན། ལྷ་ས་གྲོང་ཁྱེར་གྱིས་འཛད་སྤྱོད་སྐུལ་སྤེལ་གྱི“སྣ་འདུས་ཐབས་བཟང”རབ་དང་རིམ་པ་སྤྱད་ཅིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.3བཏང་བས་འཛད་སྤྱོད་དངུལ་འབོར་སྒོར་དུང་ཕྱུར་18.1བྱེད་པར་ཐད་ཀར་སྐུལ་སྤེལ་ཐུབ་ནས་སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། བྱ་དགའ་ཡོད་པའི་བཙོངས་འཛིན་ནས་རླངས་འཁོར་གྱི་ཁ་གསབ་བར་དང་། ཀུན་སྤྱོད་འཛད་སྤྱོད་བཙོངས་འཛིན་ནས་ཁྱིམ་སྤྱོད་གློག་ཆས་དང་ལག་ཐོགས་ཁ་པར་གསར་པ་བརྗེ་བའི་བར་དམངས་ཕན་སྲིད་ཇུས་ཁག་གནད་སྨིན་དོན་འཁྱོལ་བྱུང་བས། གྲོང་མི་ཚོར་ཅ་ལག་ཉོ་བའི་ཁྲོད་ནས་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་སྟེ། ལྷ་སའི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཆེས་ཆེར་འཕེལ་ཡོད།
བྱ་དགའ་ཡོད་པའི་བཙོངས་འཛིན་གྱིས་དམངས་ལ་སྤྲོ་སྣང་སྦྱིན།
2026ལོའི་ཟླ་2ཚེས་14ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་སྤེལ་བའི“ཉི་འོད་ལྷ་ས། བྱ་དགའ་ཡོད་པའི་བཙོངས་འཛིན”བྱེད་སྒོ་གྲོང་ཁྱེར་ཡོངས་ཀྱི་སིལ་ཚོང་དང་། བཟའ་བཏུང་། ཞག་སྡོད། རོལ་རྩེད། ཡུལ་སྐོར། ལུས་རྩལ། གྲོང་མིའི་ཞབས་ཞུ་སོགས་ཀྱི་ལས་རིགས་ཁག་ལ་ཁྱབ་ཅིང་། འཛད་སྤྱོད་པས་ཁྲལ་དངུལ་ཚུད་པའི་སྒོར་100ལས་མི་དམའ་བའི་གློག་རྡུལ་བཙོངས་འཛིན་ཡོད་ན་འཕྲལ་མར་བྱ་དགའ་འཐེན་པའི་བྱེད་སྒོར་ཞུགས་ཆོག་པ་དང་། བྱ་དགའི་དངུལ་སྒོར་8ནས་100བར་སྤྲོད་པ་མ་ཟད། བྱ་དགའི་དངུལ་ཐད་ཀར་རྩིས་ཁྲར་བརྒྱབ་ཀྱི་ཡོད།
སྟབས་བདེའི་ལྕག་སྐུལ་བྱེད་ཐབས་དེ་རིགས་ཀྱིས་གྲོང་མིས་བཙོངས་འཛིན་ལེན་པ་དེ་འཛད་སྤྱོད་ཀྱི་གོམས་གཤིས་གསར་པ་ཞིག་ཏུ་གྱུར་བར་སྐུལ་མ་ཐེབས་ཡོད། གྲོང་མི་ཝུའུ་ལགས་ཀྱིས“ཅ་ལག་ཉོ་བའམ་ཡང་ན་ཕྱིར་ཁ་ལག་ཟ་བར་འགྲོ་སྐབས་འཛད་སྤྱོད་སྒོར་100ཟིན་ན་ཚོང་པའི་ས་ནས་བཙོངས་འཛིན་ལེན་པ་དང་ཁྱིམ་དུ་ལོག་རྗེས་ལག་ཐོགས་ཁ་པར་ནས་བྱ་དགའ་འཐེན་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག དེ་ལྟར་བྱས་ཚེ་བཙོངས་འཛིན་ལེན་པའི་གོམས་གཤིས་འཇགས་ལ། ད་དུང་རང་ངོས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ཐུབ་ཀྱི་འདུག”ཅེས་བརྗོད།
ཟླ་3ཚེས་31ཉིན་བར“ཉི་འོད་ལྷ་ས། བྱ་དགའ་ཡོད་པའི་བཙོངས་འཛིན”བྱེད་སྒོས་རིམ་རྩིས་བརྒྱབ་ན། བྱ་དགའི་དངུལ་སྒོར་ཁྲི་2768.66སྤྲད་པ་དང་། བཙོངས་འཛིན་ཞིབ་དཔྱད་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་2.6ཙམ་ཟིན་ཡོད་ལ། བྱེད་སྒོའི་ཐོག་བཙོངས་འཛིན་ཁྲི་136.28ལ་ཞིབ་དཔྱད་བྱས་ཡོད། བཙོངས་འཛིན་གྱི་བྱ་དགའི་དངུལ་ཉུང་ཉུང་ཡིན་ན་འཕྲལ་མར་སྤྲོད་པར་བརྟེན་གྲོང་མིས་བཙོངས་འཛིན་ལེན་པའི་འདུ་ཤེས་དང་འཛད་སྤྱོད་བྱེད་པར་སྐུལ་ལྕག་ཐེབས་ནས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་ཕྱིན་པ་དང་ཆབས་ཅིག“འཛད་སྤྱོད་དང་། བཙོངས་འཛིན་སྤྲོད་པ། བྱ་དགའ་སྤྲོད་པ”བཅས་ཀྱི་འཁོར་རྒྱུག་བཟང་པོ་ཆགས་ཡོད།
རླངས་འཁོར་ཁ་གསབ་ལས་ཁྲོམ་རའི་གསོན་ཤུགས་འཕེལ།
ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་ལྷ་སར་རླངས་འཁོར་ཉོ་བའི་ཚ་རླབས་ཆུང་ཆུང་ཞིག་འཕྱུར་ཅིང་། ཁྲེང་ཀོན་ཆུས་ཚལ་གུང་ཐང་གི་ཁྲོམ་གཞུང་དུ་ཡོད་པའི་ལྷ་ས་རུའེ་ཤིན་ཐུང་རླངས་འཁོར་ཚོང་དོན་ཚད་ཡོད་ཀུང་སིའི་ཕྱོགས་བསྡུས་ཁྲོམ་རའི་སྨི་ངོས་གྲུ་ཁྲི་3ལྷག་ཙམ་ཟིན་པའི་འགྲེམས་ཁང་ནང་མི་ཚོགས་ཀྱིས་ཁེངས་ཤིང་། ཤན་ཏེ་དང་། ཅི་ལི། ཏ་ཀྲུང་སོགས་སྤུས་རྟགས་རླངས་འཁོར་སྣ་ཁ་20ལྷག་ཙམ་ཡོད་པ་དང་གྲོང་མི་ཚོས་རང་གི་བློ་ལ་བབས་པའི་རླངས་འཁོར་ཉོ་བཞིན་ཡོད།
བོད་ཆས་གསར་རྐྱང་གྱོན་པའི་གྲོང་མི་བཀྲ་རྡོར་གྱིས་ནང་མི་དང་མཉམ་དུ་རླངས་འཁོར་གྱི་འགྲོ་ལུགས་གཉེར་བཞིན་ཡོད་པ་དང་། ཁོང་གིས་སྲིད་གཞུང་གི་ཁ་གསབ་དང་ཚོང་ཁང་གི་འཚོང་སྐུལ་གཟིགས་སྐྱོང་ཡོད་པས་རླངས་འཁོར་གསར་པ་ཞིག་ཉོ་རྒྱུའི་བློ་ཐག་བཅད་པ་ཡིན་ཞེས་བཤད།
བཀྲ་རྡོར་ལ་ལྷ་ས་གྲོང་ཁྱེར་གྱི་2026ལོའི“བདེ་སྐྱིད་ལྡན་པའི་ལྷ་སར་འཚོ་བ་ལོངས་སུ་སྤྱོད་པ”དང“སྤྲོ་བ་ཆེན་པོས་ཚོང་ཟོག་ཉོས། དུས་ཆེན་གཉིས་པོ་དགའ་བས་བསུ”ཞེས་པའི་རླངས་འཁོར་ཉོ་སྒྲུབ་བྱེད་སྒོའི་སྲིད་ཇུས་ཀྱི་ཕན་པ་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད། ད་ཐེངས་ཀྱི་བྱེད་སྒོས་འཕྲུལ་སྒུལ་འཁོར་རིགས་ཀྱི་གཅིག་གྱུར་བཙོངས་འཛིན་གྱི་ཁྲལ་རིན་གཞིར་བཟུང་རིམ་དབྱེའི་ཁ་གསབ་བྱས་པ་དང་། རིན་གོང་སྒོར་ཁྲི་20(ཚུད་པ)ཡན་གྱི་རླངས་འཁོར་ཉོས་ན་ཁ་གསབ་མཐོ་ཤོས་སྒོར་ཁྲི་1.1སྤྲོད་ཀྱི་ཡོད། དེ་དང་ཆབས་ཅིག ལྗང་མདོག་འཛད་སྤྱོད་ལ་ལྕག་སྐུལ་བྱ་ཆེད། ནུས་གསར་རླངས་འཁོར་ལ་ད་དུང་སྒོར་500ནས་སྒོར་1000བར་གྱི་ཁ་གསབ་སྤྲོད་ཀྱི་ཡོད།
ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་ར་འཁོར་རྒྱུག་སྙོམས་སྒྲིག་ལྟ་ཞིབ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཤང་ཏ་ཅུན་གྱིས། ཟླ་3ཚེས་31ཉིན་བར་རླངས་འཁོར་འཛད་སྤྱོད་ཁྱབ་ཁོངས་སུ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་6387བཏང་བས་འཛད་སྤྱོད་བྱེད་ཚད་སྒོར་དུང་ཕྱུར་11ལྷག་ཙམ་ཟིན་པ་དང་རླངས་འཁོར་6900ལྷག་ཙམ་བཙོངས་ཡོད་ཅེས་ངོ་སྤྲོད་བྱས།
ཀུན་སྤྱོད་འཛད་སྤྱོད་བཙོངས་འཛིན་གྱིས་དམངས་ལ་དྲོ་སྐྱིད་སྦྱིན།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ལྷ་ས་གྲོང་ཁྱེར་གྱིས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱས་པ་དང་ཆབས་ཅིག “བདེ་སྐྱིད་ལྡན་པའི་ལྷ་སར་འཚོ་བ་ལོངས་སུ་སྤྱོད་པ”དང“སྤྲོ་བ་ཆེན་པོས་ཚོང་ཟོག་ཉོས། དུས་ཆེན་གཉིས་པོ་དགའ་བས་བསུ”ཞེས་པའི་ཚོང་སྐུལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྲིད་ཁེ་མཉམ་འགུལ་དང་མཉམ་འདྲེས་བྱས་ཏེ། གྲོང་མིའི་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད། དེའི་ནང་ཀུན་སྤྱོད་འཛད་སྤྱོད་བཙོངས་འཛིན་བྱེད་སྒོར་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་དེ། སྒོར་500ཟིན་ཚེ་སྒོར་100གཅོག་པ་དང་། སྒོར་300ཟིན་ཚེ་སྒོར་60གཅོག་པ། སྒོར་200ཟིན་ཚེ་སྒོར་40གཅོག་པ་བཅས་ཀྱི་ཁ་གསབ་ཚད་གཞིས་འཛད་སྤྱོད་པ་མི་འདྲ་བའི་དགོས་མཁོ་བསྐངས་ཡོད།
“བྱ་དགའ་ཡོད་པའི་བཙོངས་འཛིན་སྤྲད་པ་དེ་དངོས་གནས་ཡག་པོ་འདུག དྲ་ཐོག་ནས་ལེན་བདེ་ལ། སྒོ་རྩིས་ཚོང་ཁང་དུ་ཅ་ལག་ཉོ་སྐབས་ཐད་ཀར་བེད་སྤྱོད་བྱེད་ཆོག་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་གྲོང་མི་ཝང་ལུང་ཧུའེ་ཡིས་བཤད།
གྲངས་གཞི་ལས་མངོན་པར། ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་600བཏང་བར་འཛད་སྤྱོད་དངུལ་འབོར་ཁྲི་3076.83ཟིན་པས། རྒྱ་ཆེའི་གྲོང་མི་ཚོར་དུས་ཆེན་གྱི་རྣམ་པ་ཟབ་མོའི་ཁྲོད་ནས་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།
2026ལོའི་གནམ་ལོ་གསར་ཚེས་ཀྱི“བདེ་སྐྱིད་ལྡན་པའི་ལྷ་སར་འཚོ་བ་ལོངས་སུ་སྤྱོད་པའི”འཚོང་སྐུལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྔ་རྗེས་སུ“སྤྲོ་བ་ཆེན་པོས་ཚོང་ཟོག་ཉོས། དུས་ཆེན་གཉིས་པོ་དགའ་བས་བསུ”ཞེས་པའི་ཚོང་སྐུལ་བྱེད་སྒོ་རབ་དང་རིམ་པར་སྐུལ་འདེད་ཏན་ཏིག་བཏང་བའི་བར། ལྷ་ས་གྲོང་ཁྱེར་གྱིས་འཛད་སྤྱོད་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གནད་སྨིན་ཇུས་བསྟར་གྱིས་སྲིད་ཇུས་ཀྱི་ཕན་པ་ཐད་ཀར་ལོངས་སུ་སྤྱོད་པར་སྐུལ་འདེད་བཏང་བར་བརྟེན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2026ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་ཚོང་སྐུལ་མ་དངུལ་སྒོར་དུང་ཕྱུར་1.3བཏང་བས་འཛད་སྤྱོད་དངུལ་འབོར་སྒོར་དུང་ཕྱུར་18.1ཟིན་པ་དང་ཕྱོགས་བསྡུས་བཀན་ཤིང་སྤྱོད་ཚད1:13.9ཟིན་ནས་སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་ཐོན་ཡོད།
འབྲེལ་ཡོད་གསར་འགྱུར།