དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དངུལ་རྩའི་བྱེད་ཐབས་ལ་བརྟེན་ནས་རང་ལྗོངས་ཀྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕར་བར་གནད་སྨིན་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-19

    ཉེ་ཆར། གསར་འགོད་པར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། དངུལ་ཁང་དེས“ཐོན་ལས་དར་རྒྱས་དང་དམངས་ཕྱུག་སྣེ་ཁྲིད”ཀྱི་ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས། དངུལ་རྩའི་ཞབས་ཞུ་གཞི་རིམ་གྱི་འཐབ་ས་དང་པོར་སྣུར་སྲིང་བྱས་ཏེ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་གནད་སྨིན་བྱས་ཡོད། 2026ལོའི་ཟླ་3པའི་ཟླ་མཇུག་བར་དངུལ་ཁང་དེས་རིམ་རྩིས་བརྒྱབ་ན་གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་413ལ་དངུལ་བུན་སྣ་ཚོགས་སྒོར་དུང་ཕྱུར་15.72བཏང་བ་རེད།

    མིག་སྔར། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཁག་གཅིག་གི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ལ་ཚད་བཀག་ཡོད་པ་དང་ལེ་ལག་ཚང་བའི་སྒྲིག་ཆས་མི་འདང་བ་སོགས་ཀྱི་དཀའ་གནད་ལ་དམིགས་ཏེ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལས་དོན་པ་འཐབ་ས་དང་པོར་མངགས་ནས་རེ་ཞུ་དངོས་གྲལ་བཤེར་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཡིད་རྟོན་ཐབས་ལམ་ལེགས་སུ་བཏང་བ་མ་ཟད། གྲོང་ཚོའི་མཉམ་སྡེབ་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་ངལ་ཧུར་ཐག་བསལ་བ་རེད།

    “མ་དངུལ་དམིགས་སར་འབྱོར་བས་ང་ཚོའི་སེམས་པ་ལྷོད་ལ་བབས་སོང”ཞེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་ནམ་མཁའ་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་སེམས་འགུལ་ཐེབས་བཞིན་བཤད། ནམ་མཁའ་གསེར་ཁྲོམ་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ནི་ས་གནས་དེ་གའི་མཉམ་སྡེབ་རྒྱུ་ནོར་ཕན་སྒྱུར་དང་མང་ཚོགས་ཀྱི་འབབ་འཕར་ལ་རམ་འདེགས་བྱེད་པའི་དམངས་འཚོའི་རྣམ་གྲངས་གཙོ་བོ་ཞིག་རེད། 2025ལོར་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་རྗེས་མ་དངུལ་མི་འདང་བ་དང་ལེ་ལག་ཚང་བའི་སྒྲིག་ཆས་ལ་སྐུལ་འདེད་གཏོང་འགོར་བར་བརྟེན་ལས་གཉེར་བྱེད་པར་སྐབས་ཤིག་རིང་འགོག་རྐྱེན་འཕྲད་ཡོད།

    ཞིང་ལས་དངུལ་ཁང་སྟོད་ལུང་བདེ་ཆེན་ཆུས་ཉིང་ལག་དངུལ་ཁང་གིས་གནས་ཚུལ་འདི་ཤེས་རྗེས་དངུལ་བུན་མ་བཏང་གོང་གི་བརྟག་ཞིབ་དང་དཔྱད་གཞི་ཞིབ་དཔྱད་སོགས་བརྒྱུད་རིམ་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། གྲོང་ཚོའི་མཉམ་སྡེབ་དང་སྡེ་ལས་ཀུང་སིའི་ཡིད་རྟོན་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་པས“གཏའ་འཇོག་དངུལ་བུནe”སྒོར་ཁྲི་900བདེ་བླག་ངང་བཏང་ཡོད།

    ད་ཆ། ནམ་མཁའ་གསེར་ཁྲོམ་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞིའི་ནུས་པ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་བས། ཚོང་པ་བཅའ་སྡོད་བྱེད་ཚད་དེ་སྔའི་20%ནས་70%ཡན་བར་འཕར་ཡོད། དེ་དང་ཆབས་ཅིག སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཕྱོགས་གསུམ་མཉམ་འགུལ་ལ་བརྟེན་ནས་ནམ་མཁའ་གསེར་ཁྲོམ་གྱི་ཚོང་དུད“བདེ་སྐྱིད་སྟོད་ལུང། འཚོ་བར་མཉམ་རོལ”ཞེས་པའི་སྲིད་གཞུང་འཛད་སྤྱོད་འཛིན་ཤོག་མཉམ་ལས་མ་ལག་ནང་བཅུག་པས། ཚོང་དུད་མི་ཉུང་བ་ཞིག་གིས་འཛད་སྤྱོད་འཛིན་ཤོག་དྲ་ཐོག་ཏུ་བཏོན་རྗེས་ཉོ་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་གཉེར་སྐྱོང་འཕེལ་རྒྱས་ཀྱང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་འདུག་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།