བོད་ཀྱིས་འགོག་བཅོས་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་སྟེ་ས་མཐོར་ལས་ཀ་དང་འཚོ་བ་སྐྱེལ་སྐབས་འཕྲད་པའི་དཀའ་གནད་ཆེ་ཤོས་བསལ་བ།
དགོང་མོའི་ཆུ་ཚོད་10པ་ཡོལ་ཙམ་ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དོས་དྲག་ཁོའོ་ཡི་ཀྲུའུ་རེན་ཧོའུ་ཀྲུང་ཀང་ལ་གྲོང་ཁུལ་གྱི་མགྲོན་ཁང་ཞིག་ཏུ་མགྲོན་པོ་ཞིག་གློ་བུར་དུ་དྲན་པ་འཐོར་འདུག་ཅེས་པའི་ཁ་པར་འབྱོར།
120མྱུར་སྐྱོབ་རུ་ཁག་ལམ་སེང་ཐོན་ནས་སྐར་མ་བཅུ་ཙམ་ནང་མགྲོན་ཁང་དུ་འབྱོར། ནད་པ་དེ་ནི་སྐྱེས་པ་དར་མ་ཞིག་ཡིན་པ་དང་གདོང་གཤིས་སྐྱ་བོར་གྱུར་པ་མ་ཟད། མཆུ་ཏོའང་སྨུག་པོར་གྱུར་ནས་སྐད་ཆ་ལྡབ་ལྡིབ་ཤོད་བཞིན་འདུག
“དོས་དྲག་གི་གློ་བ་དང་ཀླད་པར་ཆུ་བསགས་པའི་ནད་རྟགས་འདུག་པས། དུས་ཚོད་དམ་འཛིན་གྱིས་མྱུར་སྐྱོབ་བྱེད་དགོས” མྱུར་སྐྱོབ་ཀྱི་བརྒྱུད་རིམ་ལ་རྒྱུས་མངའ་ཆེ་བའི་སྨན་དོན་པས་ལམ་སེང་ནད་པར་སྨན་སྟེར་བ་དང་འབྲེལ་གསོ་རླུང་རྔུབ་ཏུ་བཅུག དེ་རྗེས་སྨན་ཁང་གི་དོས་དྲག་ཚན་ཁག་དང་འབྲེལ་བ་བྱས་ཏེ“འདི་གར་ནད་པ་ཞིག་ཡོད་པ་དེར་དོས་དྲག་གི་གློ་བ་དང་ཀླད་པར་ཆུ་བསགས་པའི་དོགས་པ་འདུག”ཅེས་བཤད།
གསོ་རླུང་རྔུབ་པ་དང་། བརྟག་དཔྱད་བྱེད་པ། སྨན་ཁབ་བརྒྱབ་པས་བརྟག་དཔྱད་འཕྲུལ་ཆས་ཀྱི་གྲངས་གཞིར་འགྱུར་ལྡོག་བྱུང་བ་སྟེ། སྙིང་འཕར་ཤུགས་རིམ་བཞིན་ཆག་པ་དང་འབྲེལ་བརྟན་དུ་ཕྱིན་པ་དང་། ཁྲག་ནང་གསོ་རླུང་འདུས་ཚད་རིམ་བཞིན་མཐོ་རུ་ཕྱིན་པ། ནད་པའི་གདོང་གཤིས་ལེགས་སུ་ཕྱིན་པ། མཆུ་ཏོ་དམར་པོར་གྱུར་པ་བཅས་རེད།
ནག་ཆུར་ལས་ཀ་བྱས་ནས་ལོ་20ལྷག་ཙམ་སོང་རིང་། ཧོའུ་ཀྲུང་ཀང་ལ་ཉེན་ཁ་ཆེ་བའི་གནས་ཚུལ་དེ་འདྲ་མང་པོ་འཕྲད་མྱོང་ཡོད་མོད།
འོན་ཀྱང་ག་དུས་ཡིན་རུང་ཧ་ཅང་ཉེན་ཚབས་ཆེ་བ་སྟེ། “དོས་དྲག་གི་ས་མཐོའི་ནད་ཕོག་མགྱོགས་པ་དང་སྐར་མ་བཅུའི་ནང་ཇེ་སྡུག་ཏུ་འགྲོ་གི་ཡོད། གལ་ཏེ་དུས་ཐོག་ཏུ་སྐྱོབ་བཅོས་མ་བྱས་ན་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད”
ཆ་སྙོམས་ས་བབ་སྨི་4500ཡོད་པའི་ནག་ཆུ་ནི་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་གྲོང་ཁུལ་ཞིག་ཡིན་ལ་མཚོ་བོད་གཞུང་ལམ་གྱི་འགག་རྩའང་རེད། མི་མང་པོ་ཞིག་བོད་དུ་སྐྱོད་པའི་ས་ཚིགས་དང་པོ་དེར་ཡོད་ཅིང་། “ནག་ཆུར་འབྱོར་མ་ཐག་པའི་ཉིན་ཁ་ཤས་ནི་ལ་དུག་ཕོག་མང་ཤོས་ཀྱི་དུས་ཚོད་རེད། ང་ཚོར་རྟག་ཏུ་མྱུར་སྐྱོབ་ཁ་པར་འབྱོར་བ་དང་། ནད་པ་མང་ཆེ་བ་བོད་དུ་ཡུལ་སྐོར་རམ་ཡང་ན་ལས་ཀ་བྱེད་པར་ཡོང་མཁན་ཤ་སྟག་རེད”ཅེས་ཧོའུ་ཀྲུང་ཀང་གིས་ངོ་སྤྲོད་བྱས།
ལོ་འདི་དག་རིང་། གསོ་རླུང་སྦུག་ཚང་དང་ཁྲག་ལ་གསོ་རླུང་འདུས་ཚད་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་ཁྱབ་གདལ་བཏང་བ་དང་མི་རྣམས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་ས་མཐོའི་དོས་དྲག་གི་ཀླད་པར་ཆུ་བསགས་པ་དང་གློ་བར་ཆུ་བསགས་པའི་ནད་ཕོག་ཚད་མངོན་གསལ་དོད་པོས་ཆག་ཡོད། འོན་ཀྱང་དེ་ནི་སྔར་བཞིན་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྐྱོབ་བཅོས་བྱེད་པའི་ནད་གཞི་མང་ཤོས་ཀྱི་གྲས་ཤིག་རེད།
ས་མཐོའི་ནད་ནི་ས་མཐོར་འབྱོར་མ་ཐག་པའི་མིར་ཕོག་པ་མ་ཟད། རྒྱུན་དུ་ས་མཐོར་སྡོད་མཁན་ལའང་ཐོན་གྱི་ཡོད། དེ་ནི་ས་མཐོའི་ལས་ཀ་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་གནད་ཆེ་ཤོས་ཤིག་རེད།
གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་གཡོག་རིག་འཛིན་བུ་ཁྲིད་ཀྱིས་ནད་པའི་ལག་ནས་ཁྲག་འཚག་ཆས་བཀོག་སྟེ་སྲིང་བལ་གྱིས་མནན། “རྨོ་ལགས། ད་ལྟ་མགོ་ཡུ་ཏོག་ཙམ་འཁོར་ནའང་དགོང་མོ་དྲག་ཏུ་འགྲོ་ཡི་རེད”ཅེས་ཁོ་མོས་ནད་པར་བཤད།
“མིག་སྔར། ལོ་ལྟར་ནད་པ་300ལྷག་ཙམ་སྨན་ཁང་དུ་ཁྲག་གཅིག་པུ་འཚག་པར་ཡོང་ནས་ས་མཐོའི་ཕྲ་ཕུང་དམར་པོ་མང་དུ་འགྲོ་བའི་ནད་བཅོས་ཀྱི་ཡོད”ཅེས་རིག་འཛིན་བུ་ཁྲིད་ཀྱིས་ངོ་སྤྲོད་བྱས་པ་དང་། ཁོ་མོས“ལག་རྩལ་དེ་ད་བར་ལོ་10སྤྱད་དེ་ནད་པ་གྲངས་ལས་འདས་པར་ཕན་པ་ཐོབ་ཡོད”ཅེས་བཤད།
དེ་སྔོན་མི་ལ་ལས“ཁྲག་གཏར་གསོ་ཐབས”སྤྱད་དེ་གསོ་བཅོས་བྱེད་བཞིན་ཡོད་ཅིང་། བྱེད་ཐབས་འདིས་དུས་ཡུན་ཐུང་ངུའི་ནང་ནད་རྟགས་ཆུང་དུ་གཏོང་ཐུབ་ཀྱང་། གློ་བའི་འཕར་རྩའི་གནོན་ཤུགས་ཆེ་རུ་གཏོང་སྲིད། ཁྲག་ཁོ་ན་འཚག་པའི་སྨན་བཅོས་བྱེད་སྟངས་ནི་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གསར་གཏོད་ཅིག་ཡིན་པས་ཁྲག་གཏར་གསོ་ཐབས་ཀྱི་ཞན་ཆ་སེལ་ཐུབ་ཀྱི་ཡོད།
(《མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་དཔར་མ》ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།