ལྷ་ཉིང་ལྕགས་ལམ་དུ།
བསྐྱར་དར་རྟགས་ཅན་བྱ་འཕུར་བ་ལྟར་གངས་ལྗོངས་ས་མཐོར་སྐྱོད་བཞིན་པ།

འདི་ནི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལྷ་ཉིང་ལྕགས་ལམ་གྱི་ཉིང་ཁྲིའི་ལམ་དུམ་བརྒྱུད་ནས་སྐྱོད་བཞིན་པ།
ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཡར་ཀླུང་གཙང་པོའི་ལུང་གཞུང་དུ་ས་མཐོའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་རི་ཀླུང་ཁྲོད་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་། དེའི་ནང་ཡོད་པའི་ཡུལ་སྐོར་བ་མང་པོ་བོད་ལྗོངས་ཉིང་ཁྲིའི་མེ་ཏོག་ལྗོངས་གཟིགས་ཁུལ་དུ་འབྱོར་བ་རེད།
ལོ་ལྟར་གྱི་ཟླ་བ་གསུམ་པའི་ཟླ་མཇུག་ནས་ཟླ་བ་བཞི་པའི་ཟླ་སྟོད་བར་ལམ་ཐིག་འདིར་བྲེལ་བ་ཆེ་སྒང་ཡིན་པ་དང་། མི་མང་པོ་ཞིག་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་མིང་གྲགས་ཐོས་ནས་མེ་འཁོར་ལ་བསྡད་དེ་ཁམ་བུའི་མེ་ཏོག་ལ་ལྟ་བར་འོང་གི་ཡོད།
ཁ་ལོ་བ་བསོད་ནམས་དབང་གྲགས་ཀྱི་ངོས་ནས་བརྗོད་ན། ཁོང་གིས་མྱོང་རོལ་བྱེད་པ་ནི་རང་བྱུང་གི་མཛེས་ལྗོངས་ཙམ་མ་ཡིན་པར་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་དེའི་ངོ་མཚར་ཡིན་པ་རེད། ལྷ་ས་ནས་ཉིང་ཁྲི་བར་གཅོང་རོང་གཟར་ཞིང་ཆུ་བོ་སྣ་ཚོགས་རྒྱུག་བཞིན་ཡོད། 2003ལོར་ཁོང་ཕ་ཡུལ་ཆབ་མདོ་ནས་རྡོག་ཐོན་གྱིས་ཀན་སུའུ་ལན་ཀྲོའུ་རུ་སློབ་གཉེར་བྱེད་པར་བསྐྱོད་ཅིང་། དེ་ནི་ཁོང་མེ་འཁོར་ལ་སྡོད་ཐེངས་ཐོག་མ་དེ་རེད། “ངའི་ཕ་ཡུལ་ལའང་མེ་འཁོར་འདི་འདྲ་ག་དུས་ཡོང་ངམ”ཞེས་ལྗང་མདོག་གི“འཕྲུལ་འཁོར་ཆེན་པོ”དེ་མཐོང་སྐབས་ཡིད་སྨོན་སྐྱེ་བཞིན་དུ་བཤད།
2021ལོའི་ཟླ་6ཚེས་25ཉིན། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་བོད་དུ་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཐོན་པ་དང་སྦྲགས། ས་མཐོར་གློག་ཁུངས་གཉིས་ལྡན་གྱི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་དུས་གཅིག་ཏུ་ལས་གཉེར་བྱེད་འགོ་ཚུགས་ཏེ། ལྷ་ས་ནས་ཉིང་ཁྲི་བར་མགྱོགས་ཤོས་ལ་ཆུ་ཚོད་3དང་སྐར་མ་49ཡི་ནང་སླེབས་ཐུབ་ནས། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བསྐྱར་དར་རྟགས་ཅན་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ལ་སླེབས་ཐུབ་པ་བྱུང་ཡོད། ལྕགས་ལམ་དེས་བོད་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་ས་ཁུལ་གསུམ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྦྲེལ་མཐུད་ཐུབ་ནས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བ་བཅས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུའང་གྱུར་ཡོད། ན་ནིང་གི་ལོ་མཇུག་བར་ལྷ་ཉིང་ལྕགས་ལམ་བརྒྱུད་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་575ལས་བརྒལ་བ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་173.8ལས་བརྒལ་ཡོད།
སྤྱིའི་རིང་ཚད་ལ་སྤྱི་ལེ་435.48ཟིན་པ་དང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160ལྟར་ཇུས་འགོད་བྱས་པའི་ལྕགས་ལམ་དེ་མཚོ་བོད་ས་མཐོའི་གངས་ཏི་སེ་དང་ཧི་མ་ལ་ཡའི་རི་རྒྱུད་བར་གྱི་བོད་ཤར་ལྷོའི་ལུང་གཞུང་དུ་གནས་པ་དང་། ལམ་ཐིག་གི་90%ཡན་ས་བབ་སྨི་3000ཡན་ཟིན་ལ་ཡར་ཀླུང་གཙང་པོ་ཐེངས་16སྒྲོལ་དགོས་པ་མ་ཟད། ལམ་རྒྱུད་ཀྱི་རི་བོ་མཐོ་ཞིང་གཅོང་རོང་གཟར་བས་བལྟོས་བཅས་ཀྱི་གཟར་ཚད་ཧེ་བག་སྨི་2500ཟིན་གྱི་ཡོད་པ་རེད།
ལས་གྲྭ་དེའི་འཛུགས་སྐྲུན་ནི“གཞི་རྩའི་འཛུགས་སྐྲུན་བཀག་སྡོམ་ཁུལ”ལས་རྣམ་པར་རྒྱལ་ཡོད་ཅེས་བརྗོད་ཆོག ལམ་ཐིག་དེའི་རྒྱུད་དུ་བྲག་རྡོ་གས་པ་དང་། རླུང་གསོག་བྱེ་ཕུང་། ས་དྲོད་མཐོ་བ། འཁྱགས་ཤུལ་ས་རིམ་ཆགས་པ་སོགས་རྙོག་འཛིང་ཆེ་བའི་ས་གཤིས་ཀྱི་གནོད་འཚེ་མང་པོ་གནས་པར་བརྟེན་ཨར་སྐྲུན་ལ་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་ཡོད། ཁྱོན་རིང་ཚད་ལ་སྨི་13073ཡོད་པའི་བྲག་ཡུལ་ཕུག་ལམ་གྱི་བྲག་རྡོ་གས་ཡུལ་དུམ་བུ་དེས་ཕུག་ལམ་ཧྲིལ་པོའི་94%བཟུང་བ་དང་། ས་འོག་ཏུ་གཏིང་ཚད་ལ་སྨི་2080ཟིན་ནས་སྐབས་ཤིག་རིང་རྒྱལ་ནང་གི་ས་འོག་གི་གཏིང་ཚད་ཆེ་ཤོས་ཀྱི་ལྕགས་ལམ་ཕུག་ལམ་གྱི་ཟིན་ཐོ་བཏོད་ཡོད། བསྐལ་ལ་རི་བོའི་ཕུག་ལམ་གྱི་རླུང་གསོག་བྱེ་ཕུང་སོབ་སོབ་ཀྱི་ས་རིམ་གྱི་མཐུག་ཚད་ལ་སྨི་40ཟིན་ནས་འཛུགས་སྐྲུན་པས་ས་ཁོངས་སུ་རླུང་འགོག་བྱེ་འཇགས་ཀྱི་ལག་རྩལ་ཞིབ་འཇུག་བྱས་པ་རེད། ལམ་ཐིག་ཧྲིལ་པོར་ཁྱོན་ཕུག་ལམ་47ཕིག་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ་216.5ཟིན་པ་དེས་ལམ་ཐིག་སྤྱིའི་རིང་ཚད་ཀྱི་54%བཟུང་ཡོད་པ་རེད།
“ལྷ་ཉིང་ལྕགས་ལམ་ནི་བོད་ཀྱི་མང་ཚོགས་མང་པོ་ཞིག་ཤུགས་འགྲེམས་མེ་འཁོར་ལ་སྡོད་པའི‘མྱོང་ཚོར་དང་པོ་འབྱུང་ཡུལ’དེ་ཡིན། ཕྱིས་འབྱུང་ས་མཐོའི་ལྕགས་ལམ་སྔར་བས་འཐུས་ཚང་དང་འཕེལ་རྒྱས་བཏང་ནས་མི་དེ་བས་མང་བ་བསྐྱར་དར་རྟགས་ཅན་ལ་བསྡད་ནས་དེ་བས་མཛེས་པའི་འཛམ་གླིང་ལ་ལྟ་བར་འགྲོ་བའི་གོ་སྐབས་ཐོབ་རྒྱུར་ངས་རེ་བ་བྱེད་ཀྱི་ཡོད”ཅེས་བསོད་ནམས་དབང་གྲགས་ཀྱིས་བཤད།
འབྲེལ་ཡོད་གསར་འགྱུར།