ཀྲུང་གོའི་ལག་ལེན་ལས་འགྲོ་བ་མིའི་ཐོབ་ཐང“ཤོག་ངོས”ནས“འཚོ་བ”ཡི་ནང་ཁྱབ་པ།
ཕི་ཐེ·ཧོར་མན།

སྔོན་ཆད་དུས་སྐབས་ཤིག་གི་རིང་། རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་བསྡུར་ནི་རྟག་ཏུ་ཕྱོགས་རྐྱང་པ་རྩ་བའི་ཚད་གཞིར་འཛིན་གྱི་ཡོད་ཅིང་། ད་ལྟའི་ཆར་ངོས་འཛིན་དེར་འགྱུར་བ་ཟབ་མོ་འགྲོ་བཞིན་ཡོད་པ་དང་དེའི་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་པ་སྟེ། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་ཕྱོཌ་ལ་ཡར་རྒྱས་གཏིང་ཟབ་ཕྱིན་པ་དང་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོཌ་སུ་ཕྱིན་པ་དེ་རེད། དེ་སྔོན་རྒྱལ་ཁབ་རེ་ཟུང་གིས་གཙོ་ཁྲིད་བྱས་པའི་བལྟས་ཚོད་ཀྱི“རྩོད་གཞི་མེད་པའི”བཙན་དབང་གི་སྐད་ཆའི་ཐད་འགྲན་སློང་འཕྲད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བ་ནི་ལྡོག་ཐབས་མེད་པའི་དུས་རབས་ཀྱི་རླབས་རྒྱུན་དུ་གྱུར་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་སྤྱི་ཡོངས་ནས་དར་རྒྱས་ཕྱིན་པ་དང་ཆབས་ཅིག མིའི་རིཌ་ཀྱི་སྤྱི་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུར་བསམ་ཤེས་དེ་བས་སྣ་མང་བྱུང་ཡོད་པ་རེད།
འཕེལ་རིམ་དེའི་ནང་ཀྲུང་གོས་འགག་རྩའི་ནུས་པ་བཏོན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ལག་ལེན་ལ་ལམ་ལུགས་ཀྱི་འགན་སྲུང་བྱས་ཡོད་པས། དེ་ནི་སྤྱི་ཚོགས་དྲང་གཞག་མངོན་འགྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ཀྱི་འགག་རྩ་རེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་བསྟུན་ཀྲུང་གོའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཀྱང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ཡོད། ཀྲུང་གོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་གཉེར་སྐྱོང་བྱས་པ་དེས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་སྐྱེ་སྟོབས་ཐད་གསལ་འགྲེལ་གང་ལེགས་བྱས་པ་དང་། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ཐད་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་ལ་ཚད་མཐོའི་རང་རྟོགས་ལྡན་པ་ར་སྤྲོད་གང་ལེགས་ཐུབ་ཡོད།
ཀྲུང་གོར་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་འགྲོ་བའི་གནས་སྟངས་དེ་བས་ཀྱང་མིག་མཐོང་ལག་ཟིན་དུ་འགྱུར་བཞིན་ཡོད་ཅིང་། བདེན་དཔང་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ངས་ཀྲུང་གོའི་ཁྲིམས་སྐྱོང་འཛུགས་སྐྱོང་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་འགྲོ་བ་དང་འགྲོ་བ་མིའི་ཐོབ་ཐང་གི་བར་མཚམས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་མ་ཟད། མི་དམངས་ཀྱི་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་གཏིང་ཟབ་ཀྱང་བྱུང་ལུགས་དངོས་སུ་རྒྱུས་ལོན་བྱུང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལས་གཏན་ཚིགས་ཟབ་མོ་ཞིག་མངོན་པ་སྟེ། སྲིད་ཇུས་མ་ལག་གིས་ངེས་པར་དུ་མི་དམངས་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། འདུ་ཤེས་དེ་རིགས་མ་མཐར་ཡང་གཤམ་གྱི་ཕྱོགས་གསུམ་ནས་མཚོན་ཡོད། གཅིག གནད་སྨིན་དབུལ་སྐྱོར་ལ་ཐོབ་པའི་རྒྱལ་ཁ་རླབས་པོ་ཆེ། དེ་ཡང་ཀྲུང་གོ་རང་ངོས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་མ་ཟད། གོ་ལ་ཧྲིལ་པོའི་མི་འབོར་དབུལ་པོ་ཉུང་དུ་འགྲོ་བར་སྐུལ་ཁྲིད་མངོན་གསལ་དོད་པོ་བྱས་པ་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གཅིག་གི་དབུལ་པོ་མང་དུ་འགྲོ་བའི་ད་ལྟའི་གནས་ཚུལ་དང་བསྡུར་ན་ཁྱད་པར་མངོན་གསལ་དོད་པོ་ཡོད། གཉིས། རྒྱལ་སྤྱིའི་རོགས་ལས་ཀྱི་མིག་དཔེ་གསར་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་སོགས་ནི་ཀྲུང་གོས་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་མི་དམངས་ཀྱི་གོང་འཕེལ་དབང་ཆ་འགན་སྲུང་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། གསུམ། སློབ་གསོའི་མ་ལག་གི་སྐྱེ་སྟོབས་ཆེན་པོ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་མ་ལག་བསྐྱར་དུ་འཛུགས་བཞིན་ཡོད་པ་དང་། ངའི་སློབ་མ་རྣམས་ནི་དཔེ་མཚོན་ཡག་ཤོས་ཡིན། ཁོང་ཚོ་ནི་ཤེས་བྱའི་རྒྱུན་འཛིན་མཁན་ཡིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་རྒྱུན་མཐུད་པ་དེ་བས་ཀྱང་ཡིན།
ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བའི་ཐད་ངོ་བོའི་ཁྱད་པར་ཡོད་ཅིང་། དེ་ནི་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་དང་དེ་བཞིན་འབྲེལ་བཅས་རང་བཞིན་དང་འགུལ་རྣམ་རང་བཞིན་མཐའ་འཁྱོངས་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་གི་མཐོང་སྣེ་ནས་མཚོན་གྱི་ཡོད། ཀྲུང་གོར་དུས་ཐུང་ལོ་ངོ་བཅུ་ཕྲག་ནང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དེ་ནི་མིའི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་ཐོག་གི་ངོ་མཚར་རླབས་པོ་ཆེ་ཞིག་ཡིན་ལ་འགྲོ་བ་མིའི་ཐོབ་ཐང་གི་གོ་དོན་ལ་དུས་རབས་ཀྱི་ནང་དོན་དེ་བས་ཟབ་མོ་ཞིག་ཀྱང་ལྡན་པར་བྱས་ཡོད། 2025ལོའི་ལོ་མཇུག་ཏུ་ཀྲུང་གོར་འགྲུལ་བཞུད་བྱས་པར་ཕྱིར་མིག་ཅིག་བལྟས་ཚེ། དབུལ་ཕོངས་མེད་པར་བཟོ་བ་ནི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་གཅོད་བྱེད་པ་ཙམ་མ་ཡིན་པར། དེ་བས་ཀྱང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཡོང་བའི་ཆེད་དུ་ཡིན་པར་ང་ལ་མྱོང་ཚོར་ཟབ་མོ་བྱུང་། གྲོང་ཁྱེར་གྱི་སྡེ་ཁུལ་གསར་ལ་ཉམས་དགའ་བ་དང་གནས་འཕྲོད་ཀྱི་བར་མཐོངས་ཀྱང་དངོས་སུ་མཐོང་བྱུང་། དེ་དག་ནི་མི་དམངས་ཀྱིས་ལོངས་སུ་སྤྱོད་འོས་པའི་ཁོར་ཡུག་དབང་ཆར་བརྩི་འཇོག་བྱས་པ་ཞིག་རེད། ལག་ལེན་དེ་གཞི་རྩར་བྱས་ནས་རྒྱལ་སྤྱིའི་ཆབ་སྲིད་ཁྲོད་ཀྱི་ཀྲུང་གོའི་འདོད་ཚུལ་ཁ་གསལ་ལ་བརྟན་པོ་ཡོད་པ་སྟེ། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།
འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་མིའི་རིགས་ཡོངས་ཀྱི་ཁྱབ་ཁོངས་སུ་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ཏན་ཏིག་བྱེད་དགོས་ན། ངེས་པར་དུ་འདི་མིན་ན་དེ་ཡིན་པའི་རྒྱུ་གཉིས་ཁ་གཏད་ཀྱི་འཆིང་རྒྱ་ལས་བརྒལ་ནས་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་འགྲོ་ལམ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་དགོས། སྲོལ་རྒྱུན་གྱི་ནུབ་ཕྱོགས་ཐབས་ལམ་ནི“ཚད་ལྡན་གྱི་དྲིས་ལན”འབའ་ཞིག་དེ་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་དུས་རབས་ཀྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས། མདོར་བསྡུས་ནས་བརྗོད་ན། སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱས་ནས་སྐྱེ་དངོས་མུ་ཁྱུད་རྒྱུན་གནས་ཐུབ་པར་བྱེད་པ་དང་། ལག་རྩལ་གྱི་དགེ་བརྩོན་ལ་སྣེ་ཁྲིད་བྱས་ནས་མི་ཐབས་རིག་ནུས་ཀྱི་རླབས་རྒྱུན་ཁྲོད་མིའི་རིགས་ཀྱི་ལ་རྒྱ་དང་བདེ་འཇགས་འགན་སྲུང་བྱེད་པ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རེས་ཟབ་ཏུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ཀྱི་སྣེ་ཁྲིད་འོག་ཕན་ཚུན་བརྩི་འཇོག་བྱེད་པའི་མཉམ་གནས་ཀྱི་ཐབས་ལམ་བཟོས་ཏེ་ཤེས་དཔལ་སྣ་མང་གི་འཆམ་མཐུན་མཉམ་གནས་མངོན་འགྱུར་ཡོང་བ་བཅས་བྱེད་དགོས།
(རྩོམ་པ་པོ་ནི་ཡོ་རོབ་ཚན་རིག་དང་སྒྱུ་རྩལ་སློབ་གླིང་གི་ཡོན་ཧྲི་དང་། ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན། ཀྲུང་ནན་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བཅས་ཡིན་པ)
འབྲེལ་ཡོད་གསར་འགྱུར།