རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《བསམ་འཆར》བཀྲམ་ནས་མ་འཇོག་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། མ་འཇོག་ཞིབ་མཆན་འགོད་པའི་དབང་ཚད་བཀོད་སྒྲིག་སྔར་བས་ལེགས་སུ་དང་། མ་འཇོག་ཞབས་ཞུ་སྟབས་བདེ་རུ། མ་འཇོག་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཅས་གཏོང་ཆེད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མ་འཇོག་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་དོ་དམ་ནན་པོ་བྱེད་པའི་ཐད། 《བསམ་འཆར》 ནང་། དབང་འགན་གཅིག་མཐུན་དང་ལྟ་སྐུལ་ནུས་ལྡན་བྱེད་པ་དང་འབྲེལ་དོན་དབང་དང་འཚམ་པའི་རྩ་དོན་གཞིར་བཟུང་། སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དབང་ཚད་ལེགས་སུ་གཏོང་དགོས་པ་དང་། སྒྲིག་འགལ་ངང་གཞུང་ཁོངས་ཁེ་ལས་སོགས་བརྒྱུད་ཁེ་ལས་ཀྱི་མ་འཇོག་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་འགོད་པའམ་ཡང་ན་ཐོ་འགོད་སྙན་སེང་ཞུ་བའི་རྣམ་པའི་ཐོག་ནས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་ཞིབ་མཆན་འགོད་པར་གཡོལ་རྒྱུ་གཏན་འགོག་བྱེད་དགོས་པ། རྣམ་གྲངས་འཛུགས་སྐྲུན་གྱི་ཚད་གཞི་དང་མ་འཇོག་རགས་རྩིས་ཀྱི་ཞིབ་བཤེར་གཏན་འབེབས་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྣམ་གྲངས་རགས་རྩིས་ལ་གཅུན་འདོམས་ནན་པོ་བྱེད་དགོས་པ། སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཐབས་ཇུས་ལ་ཚེ་གང་འགན་འཁུར་བའི་ལམ་ལུགས་ལག་ལེན་བསྟར་དགོས་པ་བཅས་བཏོན་ཡོད།
ཁེ་ལས་ཀྱི་མ་འཇོག་རྣམ་གྲངས་དོ་དམ་ཚད་ལྡན་དུ་གཏོང་བའི་ཐད། 《བསམ་འཆར》 ནང་། སྲིད་གཞུང་གིས་ཞིབ་བཤེར་ཆོག་མཆན་བཀོད་པའི་མ་འཇོག་རྣམ་གྲངས་ཀྱི་དཀར་ཆག་སྐབས་བསྟུན་བཟོ་བཅོས་རྒྱག་དགོས་པ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་ཁག་གིས་རྣམ་གྲངས་ཀྱི་ངོ་བོ་དང་གྲོང་ཁྱེར་དང་རྫོང་གི་སྒྲུབ་ནུས་སོགས་ལ་གཞིགས་ནས་ས་གནས་དེ་གའི་ཁེ་ལས་ཀྱི་མ་འཇོག་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཚད་གཏན་འཁེལ་ལུགས་མཐུན་བྱེད་དགོས་པ། རྣམ་གྲངས་ཀྱི་ཐོ་འགོད་སྙན་སེང་ཆ་འཕྲིན་དང་ཐོ་འགོད་སྙན་སེང་དཔང་ཡིག་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་ནས་ཐོ་འགོད་སྙན་སེང་ཆ་འཕྲིན་གྱི་ཆ་ཚང་རང་བཞིན་དང་ཐོན་ལས་སྲིད་ཇུས་ཀྱི་འཚམ་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཁེ་ལས་ཀྱི་མ་འཇོག་དོ་དམ་སྲིད་ཇུས་དང་། ཐོན་ལས་སྲིད་ཇུས། གཙོ་རྒྱུའི་མ་དངུལ་དོ་དམ་སྲིད་ཇུས་བཅས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་བཏོན་ཡོད།
མ་འཇོག་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་བ་དང་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བའི་ཐད། 《བསམ་འཆར》 ནང་། “གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་ཐེངས་གཅིག་ལ་ཞིབ་མཆན་འགོད་པར”སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། མ་འཇོག་རྣམ་གྲངས་ཀྱི་འཛུགས་སྐྲུན་སྙན་ཞུར་ཞིབ་མཆན་འགོད་པའི་དོན་ཚན་སྔར་བས་ཁུ་བསྡུ་རུ་བཏང་ནས་སྡེ་ཚན་གཅིག་ཏུ་ཞིབ་མཆན་འགོད་དགོས་པའི་འཛུགས་སྐྲུན་སྙན་ཞུའི་དོན་ཚན་དག་མཉམ་དུ་སྒྲུབ་དགོས་པ། རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་དོ་དམ་ཚད་ལྡན་དུ་བཏང་ནས་འོས་སྐུལ་ལས་གཡོལ་བ་དང་། ཁྲུ་མཐུན་འོས་དཔོད་དང་ཁ་མཐུན་འོས་ཐོན། མི་བདེན་རྫུན་སྒྲིག་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ། རྣམ་གྲངས་འཛུགས་སྐྲུན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མ་འཇོག་རྣམ་གྲངས་འཛུགས་སྐྲུན་གྱི་ཆ་འཕྲིན་རེའུ་མིག་འགོད་པ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།