དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་རྒྱུན་རྣམ་ཅན་གྱི་ལས་ཞུགས་རོགས་སྐྱོར་ལམ་སྲོལ་བཙུགས་པ།
ལས་ཤོར་རྐྱེན་གྱིས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་ཐོན་པའི་འགན་ལེན་བྱེད་དགོས།
ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱིས《དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་རྒྱུན་རྣམ་ཅན་གྱི་ལས་ཞུགས་རོགས་སྐྱོར་ལམ་སྲོལ་བཙུགས་ནས་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས་ཕྱོགས་དྲུག་ཐད་ཀྱི་སྲིད་ཇུས་བྱེད་ཐབས་བཏོན་ཞིང་། བར་བརྒལ་དུས་རྗེས་ཀྱི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་སྤྱི་ཡོངས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་ལས་ཞུགས་རོགས་སྐྱོར་ལས་དོན་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྤྱི་འདོམས་ཀྱི་ལག་བསྟར་ནང་བཅུག་སྟེ། ལས་ཤོར་རྐྱེན་གྱིས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་ཐོན་པའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།
རོགས་སྐྱོར་བྱ་ཡུལ་གནད་སྨིན་གཏན་འཁེལ་བྱེད་པའི་ཐད་བསམ་འཆར་ནང་བཏོན་དོན། ངལ་རྩོལ་ནུས་ཤུགས་ཡོད་པ་དང་ལས་ཞུགས་བྱེད་འདོད་པའི་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱ་ཡུལ་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་དག་བར་བརྒལ་དུས་རྗེས་ཀྱི་རྒྱུན་རྣམ་ཅན་གྱི་ལས་ཞུགས་རོགས་སྐྱོར་བྱ་ཡུལ་དུ་བརྩིས་ནས་གནད་སྨིན་རོགས་སྐྱོར་དང་སྐབས་བསྟུན་དོ་དམ་བྱེད་དགོས། རོགས་སྐྱོར་སྲིད་ཇུས་མེད་ན་དབུལ་ལོག་གི་ཉེན་ཁ་ཡོད་པའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་མི་འབོར་ལ་ལས་ཞུགས་རོགས་སྐྱོར་མུ་མཐུད་ལག་ལེན་བསྟར་དགོས།
ཕྱིར་ལས་ཀ་བྱེད་པར་བསྐྱོད་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་ནང་ཁ་གསལ་བཏོན་དོན། ངལ་ནུས་མཉམ་ལས་ལམ་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ངལ་ནུས་ཀྱི་སྤུས་རྟགས་གསར་གཏོད་དང་འཕེལ་རྒྱས་གཏོང་བ། ལས་བརྟན་ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱ་ཡུལ(རོགས་སྐྱོར་སྲིད་ཇུས་མེད་ཚེ་དབུལ་ལོག་གི་ཉེན་ཁ་ཐོན་སྲིད་པའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་མི་འབོར་ཚུད་པ)ཕྱིར་སྐྱོད་ཐུབ་པ་དང་ལས་ཀ་བརྟན་པོ་ཡོང་རོགས་བྱེད་དགོས།
ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་ནང་བཏོན་དོན། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རྫོང་ཁོངས་དཔལ་འབྱོར་གྱིས་ལས་མི་བསྡུ་ནུས་ཆེ་རུ་གཏོང་བ། ཆ་རྐྱེན་འཛོམས་པའི་ལས་ཞུགས་རོགས་སྐྱོར་འཁོར་ཁང་གང་ལེགས་སྤྱོད་པ་དང་ཚད་རིམ་གཉིས་སྤོར་ཡོང་བར་རྒྱབ་སྐྱོར་བྱེད་པ། འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
ལས་ཞུགས་ཞབས་ཞུ་དང་ལས་རིགས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་བསམ་འཆར་ནང་བླང་བྱ་བཏོན་དོན། “བློ་རིག་གཉིས་སྐྱོར”གྱི་བྱ་སྤྱོད་སྤེལ་ཏེ་ལས་གནས་སྙོམས་སྒྲིག་དང་། རྩལ་ནུས་གསོ་སྦྱོང་། རྩལ་ནུས་གདེང་འཇོག ལས་ཞུགས་ཞབས་ཞུ་བཅས་གཞི་གཅིག་ཅན་དང་རྣམ་གྲངས་ཅན་དུ་འགྱུར་བའི་རྒྱུན་རྣམ་ཅན་གྱི་ལས་ཞུགས་རོགས་སྐྱོར་བྱ་ཐབས་ཁྱབ་གདལ་གཏོང་དགོས། “རྩལ་ནུས་ལ་བརྟེན་ནས་མདུན་ལམ་ཡངས་སུ་གཏོང་བའི”གསོ་སྦྱོང་བྱ་སྤྱོད་དང་ཁྱིམ་ལས་ཞབས་ཞུའི་ལས་རིགས་རྩལ་ནུས་ཀྱི་ཆེད་དོན་གསོ་སྦྱོང་སོགས་ཀྱི་བྱ་སྤྱོད་སྤེལ་ནས་གྲོང་གསེབ་ཀྱི་བཟོ་བོ་གསོ་སྐྱོང་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ“སྦྲང་ཆར་འཆར་གཞི+”ལེགས་སུ་གཏོང་བ་དང་ལག་ལེན་བསྟར་དགོས།
ལས་ཞུགས་ཐ་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་བསམ་འཆར་ནང་ཁ་གསལ་བཏོན་དོན། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣའི་ཚད་གཞི་ལོན་པའི་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱ་ཡུལ་དེ་ཉིད་ལས་ཞུགས་རོགས་སྐྱོར་ཁྱབ་ཁོངས་ནང་བཅུག་ནས་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་ཚབ་འཇལ་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ནས་ཚད་གཞི་ལོན་པའི་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱ་ཡུལ་དེ་ཉིད་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཁྱབ་ཁོངས་ནང་འཇུག་རྒྱུའི་འགན་ལེན་ཏན་ཏིག་བྱེད་དགོས། ཁྲོམ་རའི་ཐབས་ལམ་བརྒྱུད་ལས་ཞུགས་ཐུབ་དཀའ་བའི་རིགས་ལ་སྤྱི་ཕན་ལས་གནས་གསར་སྤེལ་ལུགས་མཐུན་བྱས་ནས་ཐ་སྐྱོང་བཀོད་སྒྲིག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།