ཧའེ་ནན་དུ་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་ཉམས་བཟང་མངོན་པ།
—— ཀྲུང་གོ་རྒྱལ་སྤྱིའི་འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པའི་བོད་ལྗོངས་འགྲེམས་ཁང་གི་མཐོང་ཐོས།
ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པ(གཤམ་དུ་འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པ་ཞེས་བསྡུ་རྒྱུ)ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཡོངས་སུ་སྒོ་བརྒྱབ་ནས་འཁོར་རྒྱུག་བྱས་རྗེས་ཀྱི་བྱེད་སྒོ་དང་པོ་ཡིན་པའི་ངོས་ནས་ཉིན་ཤས་བསྟུད་མར་ཧའེ་ནན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་མི་ཚོགས་ཀྱིས་ཁེངས་པ་དང་འཁྲུག་ཆ་ཧ་ཅང་དོད་ཅིང་། ཆེད་ལས་ཉོ་སྒྲུབ་ཚོང་པ་དང་ས་གནས་ཁག་གི་ཡུལ་སྐོར་བ་ཧ་ཅང་མང་པོ་སླེབས་ནས་འགྲེམས་ཁང་ཁག་ཏུ་ཕར་འགྲོ་ཚུར་འོང་གིས་གོ་ལ་ཧྲིལ་པོའི་ཐོན་རྫས་ཡག་པོ་འཚོལ་བ་དང་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་བྱེད་བཞིན་ཡོད།
བོད་ལྗོངས་འགྲེམས་ཁང་དུ་སྐྱོད་སྐབས་བབ་ཆགས་ཉམས་ལྡན་གྱི་ཇུས་འགོད་ལས་བོད་ཡུལ་གྱི་ཁྱད་ཆོས་གང་སར་མངོན་ཞིང་། གངས་རིའི་ཤོག་དྲས་དང་བོད་བཟོའི་ཁྲ་རིས་དང་དེང་རབས་ཅན་གྱི་འགྲེམས་སྟོན་བཀོད་པ་མཉམ་འདྲེས་གང་ལེགས་བྱས་པའི་ཁྲོད་ནས་སྤོས་ཀྱི་དྲི་ཞིམ་འཐུལ་བ་ལས་མི་རྣམས་གངས་ལྗོངས་ས་མཐོར་སླེབས་པ་ལྟར་བྱུང་ནས་འཛམ་གླིང་གི་གླིང་སྣེ་གསུམ་པའི་དྭངས་གཙང་དང་ལྷད་མེད་ཉམས་སུ་མྱོང་རྒྱུ་བྱུང་ཡོད།
ས་ཁྱོན་སྨི་ངོས་གྲུ་180བཟུང་བའི་འགྲེམས་ཁང་དུ་ཚགས་ཤ་སྐམ་པོ་དང་། ནས་ཀྱི་ཐོན་རྫས། དབྱར་རྩྭ་དགུན་འབུ། རྒུན་ཆང་། གླ་ཚེར་འཐུང་བྱ། སྤོས། སྦྲང་རྩི་སོགས་ཞིང་ལས་ཁྱད་ལྡན་ཐོན་རྫས་རིགས་300ལྷག་ཙམ་གྲལ་སྟར་འགྲིག་པོར་བཤམས་པ་དང་། འགྲེམས་སྟོན་ནང་ཞུགས་པའི་ཁེ་ལས་28ཀྱི་ལས་དོན་པས་གདེང་ཚོད་ཆེན་པོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོར་སེམས་རྩ་འཁོལ་པོས་བསུ་བ་ཞུ་བཞིན་མཆིས།
སྤོས་འགྲེམས་ཁུལ་དུ་བོད་ལྗོངས་བོད་ཡུལ་རྨི་ལམ་སྤོས་ལས་ཚད་ཡོད་ཀུང་སིའི་ཁྲིམས་མི་དང་སྙེ་མོའི་སྤོས་བཟོ་རྩལ་གྱི་རྫོང་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་བློ་བཟང་དབང་འདུས་ཀྱིས་ས་གནས་ས་ཐོག་ཏུ་སྲོལ་རྒྱུན་གྱི་སྤོས་བཟོ་སྟངས་སྟོན་བཞིན་ཡོད་ཅིང་། སྒྲོག་ཙེའི་སྟེང་རྭ་ཅོའི་སྤོས་བཟོ་ཆས་དང་གཡོས་ཟིན་པའི་སྤོས་རྫས་དང་དེ་བཞིན་སྤོས་སྣ་ཚོགས་བསྒྲིགས་ཡོད་པས། ཡུལ་སྐོར་བས་ལྟད་མོ་ལྟ་ཆོག་པ་མ་ཟད་ད་དུང་བཟོ་སྟངས་ཉམས་ལེན་ཡང་བྱེད་ཆོག་གི་ཡོད།
བོད་ལྗོངས་འགྲེམས་ཁང་གི་ཐོན་རྫས་ཚང་མ་ས་མཐོའི་ཡུལ་བབ་དང་མཐུན་པའི་དངོས་པོ་ཡག་པོ་ཤ་སྟག་ཡིན་ཞིང་། “བོད་ལྗོངས་རྟགས་ཅན”གྱི་སྤུས་རྟགས་དེ་བས་མང་བར་འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པའི་ཐོག་དོ་ཁུར་དང་ཁས་ལེན་ཐོབ་ནས་ས་མཐོ་དང་ཕྱི་ཕྱོགས་དབར་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།