ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་སྡེ་ཁུལ་གྱིས།
འབྲི་གཡག་གསོ་ཚགས་བྱས་ནས་ཕྱུག་འགྱུར་ལམ་དུ་སྐྱོད་པ།
དཔྱིད་ཟླ་4པར། ཞོགས་པའི་བསིལ་རླུང་དལ་བུར་ལྡང་བ་དང་བསྟུན་ནས་ཡར་ཀླུང་ལུང་གཞུང་ནས་ཁམ་བུའི་མེ་ཏོག་གི་དྲི་ཞིམ་ལྷང་ལྷང་དུ་འཐུལ་ཞིང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་སྡེ་ཁུལ་གྱི་རི་ཐང་དུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཡོད།
ནམ་ལངས་མ་ཐག་ཞོལ་ཁང་སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་ཕྱོགས་ལ་ཐོན་འགོ་ཚུགས། ཁོང་ཚོའི་སྐྱོད་ཡུལ་ནི་བར་ཐག་སྤྱི་ལེ་300ཡི་སར་ཡོད་པའི་ལྷུན་རྩེ་རྫོང་རྩ་རི་གྲོང་རྡལ་ལྷོ་བ་གྲོང་གསར་རེད། དེ་གར་སྤུ་མདོག་སྣུམ་ཐིང་ཐིང་གི་སྤུས་ལེགས་འབྲི་གཡག་23ཡོད་པ་རེད།
དེ་ནི་ཞོལ་ཁང་སྡེ་ཁུལ་གྱིས་དཔྱིད་རླུང་དང་བསྟུན་ནས་ལྷོ་ཁའི་གྲོང་ཁྱེར་རིམ་པའི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་སྤུས་འབྲས་ལེགས་གཉེར་གྱི་གསོ་ཚགས་བྱ་སྤྱོད་ལག་ལེན་བསྟར་བའི་འགག་རྩའི་ལྷུ་ཚིགས་ཤིག་རེད། དགུན་ཁ་འཆར་འགོད་བྱས་པ་ནས་དཔྱིད་ཀ་ལག་ལེན་བསྟར་འགོ་ཚུགས་པའི་བར། འབྲི་གཡག་23དེ་དག་ལ་ཀླུང་མང་པོ་བརྒལ་ནས་འཕྱོངས་རྒྱས་སུ་འབྱོར་ཞིང་། ཞོལ་ཁང་སྡེ་ཁུལ་ལ་ཁྱེར་ཡོང་བ་ནི་ཐོན་ལས་རིམ་སྤོར་གྱི“མ་རྩ་གསོན་པོ”ཙམ་མ་ཟད། ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་དར་རྒྱས་ལ་སྣེ་ཁྲིད་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་ཡིན། དཔྱིད་ཀྱི་དུས་སུ་ཡར་ཀླུང་ས་གཞི་ཆེན་པོར་དར་རྒྱས་སྐོར་གྱི་གཏམ་རྒྱུད་ཅིག་དལ་གྱིས་རྩོམ་བཞིན་མཆིས།
ཉེ་བའི་ལོ་ཤས་རིང་། ཞོལ་ཁང་སྡེ་ཁུལ་གྱིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ཞིང་འབྲོག་མང་ཚོགས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ནས“རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ཐོན་ལས་དར་རྒྱས་གཏོང་བ། དམངས་འཚོར་ཕན་འདོགས་པ”བཅས་ཀྱི་ལྟེ་བའི་དམིགས་ཚད་དམ་པོར་བཟུང་སྟེ་སྡེ་ཁུལ་གྱིས་ཏང་ཀྲི་པུའུ་ཡི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་ཐོན་ལས་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཁག་ནང་མཉམ་འདྲེས་གཏིང་ཟབ་བྱས་ནས། སྔོན་ཐོན་གསོ་ཚགས་ལག་རྩལ་ནང་འདྲེན་དང་ཚན་རིག་དང་མཐུན་པའི་དོ་དམ་གྱི་ཉམས་མྱོང་ཁྱབ་གདལ་བཏང་ནས་འབྲི་གཡག་གསོ་ཚགས་དེ་གཞི་ཁྱོན་ཅན་དང་དེང་རབས་ཅན་གྱི་ཕྱོགས་སུ་སྐུལ་འདེད་བཏང་བ་རེད།
ད་ཆ། འབྲི་གཡག་གསོ་ཚགས་བྱ་རྒྱུ་དེ་ཞོལ་ཁང་སྡེ་ཁུལ་གྱི་ཐོན་ལས་དར་རྒྱས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་པ་མ་ཟད། མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པའང་ཐོབ་ཡོད། “ན་ནིང་ཁེ་སྤོགས་སྒོར་1300བགོ་འགྲེམས་བརྒྱབ་པ་དང་། ད་ལོ་འབྲི་གཡག་མང་དུ་ཕྱིན་པས་ཁེ་སྤོགས་དེ་བས་མང་བ་ཡོང་ངེས་རེད”ཅེས་ཞོལ་ཁང་སྡེ་ཁུལ་ཚོགས་ཆུང་གཉིས་པའི་གྲོང་མི་ཉི་མ་ཚེ་རིང་གིས་མཛུབ་རྩིས་རྒྱག་གིན་མིག་ཟུང་ལ་རེ་བས་ཁེངས།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་ལེགས་ཤོས་བརྒྱའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཆེད། ལས་དོན་སྤེལ་རིང་། ཞོལ་ཁང་སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས“ཇུས་གཏན་འཁེལ་རྗེས་སྒྲུབ་པའི”དངོས་སྒྲུབ་སྤྱོད་ཚུལ་མཐའ་འཁྱོངས་ཀྱིས་ཁྲོམ་རའི་འཐབ་ས་དང་པོར་བརྟག་ཞིབ་གཏིང་ཟབ་བྱས་ཏེ། ལོ་གསུམ་ནས་དྲུག་བར་གྱི་འབྲི་གཡག་གི་ཁྲོམ་རའི་གནས་ཚུལ་ཁོང་དུ་གནད་སྨིན་ཆུད་པར་བྱེད་པ་དང་འབྲེལ། ས་གནས་དེ་གའི་རྩྭ་རའི་ཆ་རྐྱེན་དང་གསོ་ཚགས་ཀྱི་རྨང་གཞིར་གཞི་ཚུགས་ནས་སྡེ་ཁུལ་གྱི་འབྲི་གཡག་སྤུས་འབྲས་ལེགས་གཉེར་གྱི་གསོ་ཚགས་བྱ་སྤྱོད་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱས་པ་རེད།
ཞོལ་ཁང་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གསར་བརྗེ་བག་གྲོས“མ་དངུལ་མཁོ་སར་སྤྱོད་དགོས་པ་ལས་གང་བྱུང་དུ་སྤྱོད་མི་རུང”ཞེས་བློ་ཐག་ཆོད་པོས་བརྗོད། མ་དངུལ་བེད་སྤྱོད་ཐད་སྡེ་ཁུལ་གྱིས་དཔེ་སྟོན་ས་ཚིགས་ཀྱི་བྱ་དགའི་མ་དངུལ་དང་སྲིད་ཇུས་ཁ་གསབ་གཏོང་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ནས། མཉམ་ལས་ཁང་གི་གསོ་ཚགས་གཞི་ཁྱོན་ཆེ་རུ་བརྟན་པོ་བཏང་སྟེ་འབྲི་གཡག་བཤས་གཏོང་ཚད་ལོ་རེ་བཞིན་མང་དུ་འགྲོ་བར་སྐུལ་འདེད་བཏང་ཡོད།
དངུལ་སྐར་ལི་གཅིག་ཀྱང་ཁ་གསལ་པོ་སྤྱོད་པ་དང་བློ་བདེ་པོའི་ངང་སྤྱོད་ཆེད། ཞོལ་ཁང་སྡེ་ཁུལ་གྱིས“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ཐབས་ཇུས་གོ་རིམ་ལག་བསྟར་ནན་པོ་བྱས་ནས་རང་འགུལ་ངང་གོང་རིམ་ནོར་སྲིད་སྡེ་ཚན་གྱིས་ཆེད་ལས་ཞིབ་དཔྱད་བྱེད་པར་འབྲེལ་མཐུད་བྱེད་པ་དང་། ཕྱོགས་མང་པོའི་ཐད་ནས་ཉོ་སྒྲུབ་ཀྱི་ཆ་སྙོམས་རིན་གོང་རིག་པས་ཁུངས་སྐྱེལ་དང་ཞིབ་བཤེར་གཏན་འབེབས་བྱས་ཏེ་མ་དངུལ་སྤྱོད་པར“ཉེན་ཁ་གཏན་ནས་མེད་པའི”འགན་ལེན་བྱས་པ་རེད།
གསར་བརྗེ་བག་གྲོས། ཞོལ་ཁང་སྡེ་ཁུལ་གྱིས་ད་ཐེངས་ཀྱི་ཉོ་སྒྲུབ་གོ་སྐབས་སུ་བྱས་ཏེ་ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་གཏིང་ཟབ་ཏུ་རྒྱུན་མཐུད་བཏང་ནས་འབྲི་གཡག་ལོགས་གསོ་དང་རྒྱུད་པ་ལེགས་གཏོང་སོགས་ཀྱི་ལག་རྩལ་ཁྱབ་གདལ་བཏང་བ་བརྒྱུད། ཐོན་རྫས་ལ་ཁྲོམ་རའི་ཁས་ལེན་ཐོབ་ཚད་སྔར་བས་མཐོ་རུ་བཏང་ནས“ཞོལ་ཁང་གི་འབྲི་གཡག”ཁྱད་ལྡན་སྤུས་རྟགས་ཤིག་ཏུ་འགྱུར་བ་བྱེད་ཀྱི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།