དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དཔྱིད་ཀ་ཤར་བས་ས་མཐོར་ཨར་སྐྲུན་ལས་ལ་བྲེལ།

    —— ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཐབ་ས་དང་པོའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-18

    འདི་ནི་མཚོ་སྨད་རྫོང་གི་བྱང་ཤར་མཚམས་སུ་གནས་པའི་ཞིང་འབྲོག་ཐོན་རྫས་ཉོ་ཚོང་ཁྲོམ་རའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་ལས་མིས་དུས་ཚོད་དམ་འཛིན་གྱིས་ཨར་ལས་བྱེད་བཞིན་པ།

    དཔྱིད་ཀ་ཤར་ནའང་ས་མཐོར་ད་དུང་གྲང་ཤུར་ཤུར་གྱི་ཚོར་སྣང་ཡོད། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་བྱང་ཤར་མཚམས་སུ་གནས་པའི་ཞིང་འབྲོག་ཐོན་རྫས་ཉོ་ཚོང་ཁྲོམ་རའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་ནས་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས། སྔོག་འདྲུའི་འཕྲུལ་འཁོར་གྱིས་ས་རྐོ་བཞིན་ཡོད་པ་དང་། སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ། བཟོ་པས་ལྕགས་རྩིབས་བཟོ་བ་དང་ལུགས་པང་སློང་བཞིན་པ་མཐོང་བྱུང་། མ་དངུལ་སྒོར་ཁྲི་2300བཏང་བའི་རྣམ་གྲངས་དེ་བསྐྲུན་རྗེས་ས་གནས་དེ་གའི་ཞིང་འབྲོག་ཐོན་རྫས་ཉོ་ཚོང་བྱེད་ཡུལ་གཏན་འཇགས་ཀྱི་ས་ཆ་ཞིག་མཁོ་འདོན་བྱས་ནས་ཞིང་འབྲོག་མང་ཚོགས་རྣམས་ད་ནས་བཟུང་ལམ་འགྲམ་དུ་གུར་ཕུབ་སྟེ་ཚོང་རྒྱག་མི་དགོས་པ་བྱུང་།

    “ང་ཚོས་ད་ལོའི་ཟླ་བ་དགུ་པའི་ཟླ་མཇུག་གི་དུས་མཚམས་དེ་སྒུག་བསྡད་ཡོད” རྣམ་གྲངས་ཀྱི་འགན་འཁུར་བ་ཚའེ་ཕུང་གིས་ལས་ཡུན་ཚང་མ་བཀོད་སྒྲིག་ཟིན་པའི་མྱུར་ཚད་རེའུ་མིག་ལ་མཛུབ་མོ་འཛུགས་བཞིན་དུ“ས་མཐོའི་འཁྱགས་སར་ཨར་སྐྲུན་བྱེད་ཡུན་ཐུང་བས་ང་ཚོས་ངེས་པར་དུས་ཚོད་དམ་འཛིན་བྱེད་དགོས་ཀྱི་འདུག”ཅེས་བཤད།

    ཞིང་འབྲོག་ཐོན་རྫས་ཉོ་ཚོང་ཁྲོམ་རའི་འཛུགས་སྐྲུན་རྣམ་གྲངས་ནི་མཚོ་སྨད་རྫོང་གིས་ད་ལོ་འགོ་བརྩམས་པའི་གཙོ་གནད་འཛུགས་སྐྲུན་གྱི་རྣམ་གྲངས་ཐོག་མ་དེ་ཡིན་ཞིང་། མིག་སྔའི་བར་མཚོ་སྨད་རྫོང་གི་གཙོ་གནད་རྣམ་གྲངས་ཁག་32ཚང་མ་སྤྱིར་ན་འགོ་བཙུགས་ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་8.71གཏོང་རྩིས་ཡོད་པ་དེ་དག་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་ཁྱབ་ཁོངས་མང་པོར་ཁྱབ་ཡོད།“འཚོ་རྟེན་ལས་སྤྲོད”ཀྱི་རྣམ་གྲངས་ནི་ད་ལོ་མཚོ་སྨད་རྫོང་གིས་གཙོ་གནད་ཐོག་སྐུལ་འདེད་གཏོང་བའི་དམངས་འཚོའི་འདུ་འགོད་ཅིག་རེད། གནས་གཞི་ཤང་གནས་གཞི་གྲོང་ཚོའི་ཆུ་ལོག་འགོག་རགས་དང་། སྒོ་བསྡུས་ཤང་འཕགས་ཚང་གྲོང་ཚོའི་ཆུ་གཤོང་གྲོག་རོང་། མཚོ་སྨད་གྲོང་རྡལ་སྤོས་དགའ་གྲོང་ཚོའི་ཆུ་ཡུར་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དེས། དེ་གའི་མང་ཚོགས་ལས་གྲྭ་འཛུགས་སྐྲུན་ནང་རྒྱ་ཁྱབ་ངང་ཞུགས་ཐུབ་སྟེ། མང་ཚོགས་ལ་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད། གནས་གཞི་གྲོང་ཚོར་ཡུལ་མི་བློ་བཟང་ཚེ་རིང་གིས་བཅོས་སྒྲིག་བྱེད་གྲབས་ཡོད་པའི་གྲོག་རོང་ལ་བལྟས་ཏེ་དགའ་ཚོར་ཆེན་པོས“ད་ལོ་རྫོང་གིས་གྲོག་རོང་འདིར་ཆུ་རགས་རྒྱག་རྒྱུ་ཡིན་པ་ཤེས་འཕྲལ་ངས་ལམ་སེང་ཨར་ལས་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་ཡིན། དེ་ལྟར་བྱས་ཚེ་གཅིག་ནས་ཡོང་སྒོ་བཙལ་ཐུབ་པ་དང་གཉིས་ནས་ཁྱིམ་ལའང་ལྟ་རྟོག་བྱེད་ཐུབ”ཅེས་བཤད།

    མང་ཚོགས་ཨར་ལས་ནང་ཞུགས་ཐུབ་ཚེ་རྣམ་གྲངས་འཛུགས་སྐྲུན་ལ་གཞི་ནས་རྨང་གཞི་འདིང་ཐུབ་མོད། ཡིན་ནའང་རྣམ་གྲངས་དེ་དངོས་སུ་འགྲུབ་ཐུབ་པ་བྱེད་པར་སྡེ་ཚན་དབར་གྱི་ནུས་ཆེའི་མཐུན་སྦྱོར་དང་ཁ་འབྲལ་ཐབས་མེད།

    མཚོ་སྨད་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་རྣམ་གྲངས་བཀོད་གཏོང་རེའུ་མིག་ནང་། རྣམ་གྲངས་ཁག་ཚང་མར་འགན་འཁྲིའི་ཚན་པ་མང་པོ་གཏན་འཁེལ་བྱས་ཟིན་ལ་སྐུལ་སྤེལ་གྱི་མྱུར་ཚད་ཀྱང་གསལ་པོ་ཡོད་པས། རྫོང་ཡོངས་སུ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ལམ་སྲོལ་ཞིག་ཆགས་པ་སྟེ། འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྤྱི་འདོམས་མཐུན་སྦྱོར་བྱས་ནས་མ་དངུལ་དོན་འཁྱོལ་ལ་འགན་ལེན་བྱེད་པ་དང་། སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཨར་ལས་སྒྲིག་འཛུགས་དང་སྤུས་ཚད་བདེ་འཇགས་ལ་ལྟ་འདོམས་བྱ་རྒྱུའི་འགན་འཁུར་བ། ཤང་དང་གྲོང་རྡལ་གྱིས་ཁོངས་གཏོགས་ཁུལ་ལ་མཐུན་སྦྱོར་ཡག་པོ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་གི་ཡོད། “འགན་སུ་ལ་དཀྲིས་ན་དེས་འགན་འཁུར་བ་དང་། དཀའ་ངལ་སུ་ལ་འཕྲད་ན་དེས་ཁྱད་བསད་བྱེད་དགོས་པས”སྡེ་ཚན་དབར་གྱི་ནུས་ཆེའི་མཉམ་འགུལ་གྱིས་རྣམ་གྲངས་བདེ་བླག་ངང་སྒྲུབ་པར་འགན་ལེན་ཐུབ་ཡོད།

    འབྲེལ་ཡོད་ཚན་པའི་རྣམ་གྲངས་གཞུང་ལས་ཁང་གི་གྱང་ངོས་སུ“གཙོ་གནད་རྣམ་གྲངས་སྐུལ་སྤེལ་གྱི་དམག་འཐབ་དཔེ་རིས”ཤིག་བཀལ་བའི་ཐོག་ཁབ་ལེན་རྡོ་ཚོན་མདོག་སྔོ་སེར་དམར་གསུམ་གྱིས་རྣམ་གྲངས་སོ་སོའི་འཕེལ་རིམ་གནས་ཚུལ་མཚོན་པར་བྱས་ཚུལ་གསར་འགོད་པས་མཐོང་བྱུང་། ལས་དོན་པ་ཉིན་ལྟར་ལས་ཀར་ཡོང་སྐབས་ཀྱི་བྱ་བ་དང་པོ་ནི་དཔེ་རིས་བརྗེ་རྒྱུ་དེ་རེད།

    མཚོ་སྨད་རྫོང་གི་2026ལོའི་གཙོ་གནད་རྣམ་གྲངས་ཀྱི་གསལ་ཐོའི་ནང་། སྒོར་ཁྲི་2300ཟིན་པའི་ཞིང་འབྲོག་ལས་ཀྱི་ཐོན་རྫས་ཉོ་ཚོང་ཁྲོམ་རའི་རྣམ་གྲངས་ནས་སྒོར་དུང་ཕྱུར་4.1ཟིན་པའི་ཧྭ་གློག་རླུང་གསོག་རྣམ་གྲངས་བར་མ་དངུལ་ཚང་མ་འཕེལ་རྒྱས་ཀྱི་དགོས་མཁོ་ཆེ་སར་བཏང་བ་གསལ་པོར་འཁོད་འདུག་ལ། “ཐོན་ལས་དར་རྒྱས་བྱུང་ན་རྫོང་ཁོངས་འཕེལ་རྒྱས་ཡོང་བ་དང་། ཐོན་ལས་སྟོབས་ཆེར་སོང་ན་མི་སེར་ཕྱུག་པོ་ཆགས་རྒྱུ་ཡིན་པ”འདི་མཚོ་སྨད་རྫོང་གི་ཐུན་མོང་གི་ངོས་འཛིན་ཞིག་ཏུའང་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།