མེ་འཁོར་ཤར་གཏོང་ཐུབ་ནས་ལོ་20སོང་རིང་།
མཚོ་བོད་ལྕགས་ལམ་བརྒྱུད་བོད་ནས་དངོས་ཟོག་གཏོང་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1ལྷག་ཙམ་ཟིན་པ།

འདི་ནི་དངོས་ཟོག་བླུགས་པའི་མེ་འཁོར་ཞིག་མཚོ་བོད་ལྕགས་ལམ་བརྒྱུད་ནས་སྐྱོད་བཞིན་པ།
ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ཉི་ཤུ་འཁོར་བའི་ལོ་ཞིག་ཡིན་པ་དང་། 2026ལོའི་ཟླ་4ཚེས་13ཉིན་བར་མཚོ་བོད་ལྕགས་ལམ་བརྒྱུད་བོད་ནས་དངོས་ཟོག་གཏོང་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1ལྷག་ཙམ་ཟིན་ཡོད་པ་རེད།
2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཏེ། བོད་དང་ནང་སའི་དབར་ཕན་ཚུན་འབྲེལ་མཐུད་དང་ཕྱོགས་གཉིས་སུ་སྐྱོད་པའི་དུས་རབས་གསར་པ་ཞིག་དངོས་སུ་འགོ་ཚུགས་ཡོད། ལོ་ཉི་ཤུ་ཡི་རིང་། བོད་ནས་ལྕགས་ལམ་བརྒྱུད་དངོས་ཟོག་གཏོང་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་བ་མ་ཟད་རྒྱུན་མཐུད་ཚད་བརྒལ་ཡང་བྱུང་ཡོད། 2006ལོར་བོད་ནས་དངོས་ཟོག་གཏོང་འདྲེན་བྱེད་ཚད་ཏུན་ཁྲི་36.1ཙམ་ལས་ཟིན་གྱི་མེད་པ་ནས་2025ལོའི་ལོ་མཇུག་ཏུ་སླེབས་སྐབས་ཏུན་ཁྲི་831.3བར་འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་18.0%ཟིན་ཡོད། དེའི་ནང་བོད་དུ་ནང་འདྲེན་བྱས་པའི་དངོས་ཟོག་2006ལོར་ཏུན་ཁྲི་34ཡིན་པ་ནས་2025ལོར་ཏུན་ཁྲི་690.8བར་འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་17.2%ཟིན་པ་དང་། བོད་ནས་ཕྱིར་གཏོང་བྱེད་པའི་དངོས་ཟོག་2006ལོར་ཏུན་ཁྲི་2.1ཡིན་པ་ནས་2025ལོར་ཏུན་ཁྲི་140.5བར་འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་24.8%ཟིན་ནས་2025ལོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཟོག་འདྲེན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་སྦྲགས། མཚོ་བོད་ལྕགས་ལམ་གྱི་ཟོག་འདྲེན་བགྲོད་ལམ་གྱི་ནུས་པ་རྒྱུན་ཆད་མེད་པར་ཐོན་པ་དང་ལྕགས་ལམ་དྲ་བའི་བཀོད་པའང་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་སའི་བར་གྱི་དུམ་བུ་དེ་ཟོག་འདྲེན་བགྲོད་ལམ་གཙོ་བོ་ཞིག་ཡིན་པའི་ངོས་ནས་ཤར་གཏོང་ཐུབ་མ་ཐག་པའི་དུས་དང་བསྡུར་ཚེ་ཕྱོགས་ཡོངས་ནས་རིམ་སྤོར་བྱུང་སྟེ། མེ་འཁོར་འབབ་ཚུགས་58བར་མང་དུ་ཕྱིན་པ་དང་དངོས་ཟོག་གི་འདྲེན་ཚད་ཏུན་2880བར་ཆེ་རུ་ཕྱིན་ལ། འགྲུལ་པ་དང་དངོས་ཟོག་དབོར་བའི་མེ་འཁོར་གཏོང་གྲངས་ཆ་17བར་མང་དུའང་ཕྱིན་ཡོད།
བོད་དུ་འདྲེན་པའི་འཚོ་བའི་དངོས་ཟོག་དབོར་བའི་དུས་གཏན་མེ་འཁོར་རྒྱུན་རྣམ་ཅན་དུ་འགྱུར་བཞིན་ཡོད། 2025ལོར་རིམ་རྩིས་བརྒྱབ་ན་སྔོ་ཚལ་སོགས་དངོས་ཟོག་སོས་པ་ཏུན་7215སྐྱེལ་འདྲེན་བྱས་ནས་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་ལས་ཕྱོད་ཆུ་ཚོད་48ཐུང་དུ་ཕྱིན་ཏེ་ས་མཐོའི་དམངས་འཚོ་འགན་ལེན་བྱེད་པའི“མྱུར་ལམ”ཞིག་ཏུ་གྱུར་ཡོད།
བོད་ནས་ཕྱིར་གཏོང་བྱེད་ནུས་ཐད། བོད་ནས་ཕྱིར་གཏོང་གི་མེ་འཁོར་སྟོང་པའི་ཐོན་ཁུངས་སྤྱོད་མཁས་པོ་བྱས་ནས། འཁོར་ཁྲིད་ཡུལ་སྐོར་དུ་འོང་མཁན་གྱི་རླངས་འཁོར་ཆུང་རིགས་ནང་སར་སྐྱེལ་འདྲེན་གྱི་ལས་སྒོ་གསར་པ་བཏོད་ཡོད། 2025ལོར་རིམ་རྩིས་བརྒྱབ་ན་JSQརྟགས་ཅན་གྱི་རླངས་འཁོར་540དང་། རླངས་འཁོར་ཆུང་བ་4519སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་26.2%འཕར་ནས། ཕྱིར་ལོག་མེ་འཁོར་སྟོང་པ་སྤྱོད་ཚད་8.1%མཐོ་རུ་ཕྱིན་ཡོད།
གཞན་ཡང་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་བོད་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་བོད་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་1250ལྷག་ཙམ་སྐྱེལ་འདྲེན་བྱས་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པའི་ཁོངས་གཏོགས་ཀྱི་ས་མཐོའི་ལྕགས་ལམ་དྲ་བ་མང་དུ་ཕྱིན་ཏེ་མེ་འཁོར་ཤར་གཏོང་ཐུབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། འགྲུལ་སྐྱེལ་མེ་འཁོར་གཏོང་ཚད་ཆ་104.5ཟིན་ནས་སྤྱིར་བཏང་མྱུར་ཚད་ནས་མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་འདྲེན་བྱེད་པའི་རྣམ་པ་ཞིག་ཆགས་པ་དང་། ལས་གཉེར་ལམ་ཐག་སྤྱི་ལེ་4060ལྷག་ཙམ་ཟིན་ཏེ་དེས་མང་ཚོགས་ཕྱིར་སྐྱོད་པར་སྟབས་བདེ་བྱུང་བ་མ་ཟད། ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་ཆེན་པོ”ཞིག་ཏུའང་གྱུར་ཡོད། མཚོ་བོད་ལྕགས་ལམ་རྒྱུད་དུ་ཐོག་ཐོན་གཙང་པོ་དང་། འཁྱགས་མི་ཐེབས་པའི་ཆུ་མིག བྲག་སྨུག་ཐང་སོགས་ཀྱི་མེ་འཁོར་འབབ་ཚུགས་མང་དུ་བཏང་བས་ལྕགས་ལམ་དྲ་བའི་ཁེབས་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་ཉིང་ལྕགས་ལམ་བཅས་ལས་གྲུབ་པའི“Y”དབྱིབས་ཀྱི་སྒྲོམ་གཞི་གཙོ་བོའི་ལྕགས་ལམ་དྲ་བས་ས་གནས་དེ་གའི་དམངས་ཚོགས་ཕྱིར་སྐྱོད་བྱེད་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།