བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།
དཀའ་སྡུག་དང་ཚེ་སྲོག་གསར་པ། ཚེ་བདེ་སྐྱིད།

འདི་ནི་ཚེ་བདེ་སྐྱིད་ཡིན་པ།

འདི་ནི་ཚེ་བདེ་སྐྱིད(གཡོན)ཀྱིས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་ལས་དོན་པ་དང་མཉམ་དུ་སྒོར་གཞས་རྒྱག་པར་སྐྱོད་བཞིན་པ།
ད་ལོ་ལོ་82ལ་སླེབས་པའི་ཚེ་བདེ་སྐྱིད་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ཚེ་མཇུག་བདེ་བར་རོལ་བཞིན་ཡོད། ཡིན་ནའང་བོད་རྙིང་པར་ཁོང་གི་མི་ཚེར་དཀའ་སྡུག་མང་པོ་འཕྲད་མྱོང་ཡོད།
ཚེ་བདེ་སྐྱིད་ཆུང་བྱིས་པའི་དུས་ནས་ཕ་མ་གཉིས་ཚེ་ལས་འདས་ཏེ་ཆགས་ས་རྟེན་ས་མེད་པར་གྱུར་ནས་སློང་མོ་བརྒྱབ་སྟེ་འཚོ་ཐབས་མ་བྱེད་ཀ་མེད་བྱུང་ཡོད། སྐབས་དེ་དུས་ཁོ་མོ་ལོ་འཁོར་མོར་འཁྱག་ལྟོགས་དང་བཀྲེས་སྐོམ་གྱིས་མནར་བ་དང་རླུང་རྟ་རྒྱུག་པའི་སྐབས་སུ་ས་སྟེང་ནས་ཡོས་བསྒྲུགས་ཏེ་གྲོད་པ་རྒྱག་ཐབས་བྱེད་ཀྱི་ཡོད།
དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་ལས་ཚེ་བདེ་སྐྱིད་ཀྱི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བྱུང་བ་དང་བོད་ཀྱི་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་ལས་ཚེ་བདེ་སྐྱིད་ཀྱི་འཚོ་བར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
ད་ཆ། ཚེ་བདེ་སྐྱིད་ཟངས་རི་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་རྒན་རྒོན་80དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་འཚོ་བའི་ཕྱོགས་གང་སར་ལྟ་རྟོག་གང་ལེགས་བྱུང་ཡོད། རྒན་རྒོན་ཚོར་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་སྲུང་ལོངས་སྤྱོད་བྱ་རྒྱུ་ཡོད་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་སྨན་བཅོས་འགྲོ་གྲོན་དང་འདས་འཇུག་གི་འགྲོ་གྲོན་ཚང་མར་འགན་སྲུང་ཡོད་པས་ཁོང་གི་སེམས་ཁྲལ་ཡོངས་སུ་སེལ་ཞིང་། འཚོ་ཐབས་ཆེད་དཀའ་ལས་རྒྱག་མི་དགོས་པ་དང་། ཉིན་གཅིག་གི་ལྟོ་དུས་གསུམ་སྣ་ཁ་འཛོམས་ལ་འཚོ་བཅུད་ཆེ་བ། སྡོད་གནས་ཀྱི་ཁོར་ཡུག་ལེགས་ལ་གནས་བཟོད་བདེ་བ་བཅས་ཚེ་བདེ་སྐྱིད་ཀྱི་ཚེ་མཇུག་གི་འཚོ་བར་དྲོ་སྐྱིད་དང་བདེ་སྐྱིད་ཀྱིས་ཁེངས་ཡོད།
འབྲེལ་ཡོད་གསར་འགྱུར།