དམངས་ཕན་ཟམ་པ་བསྐྲུན་ནས་བདེ་སྐྱིད་ཟབ་མོ་ཚོར་བར་བྱས། “འགག་རྩའི་དོན་ཆུང”བསྒྲུབས་ནས“དམངས་འཚོའི་དོན་ཆེན”ཐག་གཅོད་བྱས།
གུང་ཟས་བཟས་རྗེས། ལོ་81ལ་སླེབས་པའི་གྲོང་མི་ཅ་ཐེན་ཧྥུའུ་ཡིས་གྱོན་གོས་ལེགས་པར་གྱོན་པ་དང་འཁར་རྒྱུག་ཐོགས་ནས་ཁྱིམ་གྱི་སྒོ་རྩར་གསར་དུ་བསྐྲུན་པའི་དམངས་ཕན་ལྕགས་ཟམ་དུ་དལ་བུར་བསྐྱོད། བགྲེས་སོང་ཁག་གཅིག་གིས་ཟམ་པའི་འགྲམ་དུ་ཉི་མ་བསྲོ་བཞིན་ཁོང་བསྒུགས་ནས་བསྡད་ཡོད་པ་རེད།
“དེ་སྔ་ཨར་འདམ་གྱིས་བཟོས་པའི་ཟམ་པ་ཞིག་ཡོད་ནའང་། ཆུ་ལོག་ཐོན་ཐེངས་རེར་ཁྱེར་འགྲོ་གི་ཡོད། མང་ཤོས་ལ་དབྱར་དུས་སུ་གཏོར་བརླག་ཐེངས་གསུམ་ཙམ་ཕོག་གི་ཡོད་པ་དང་། རྒན་རྒོན་དང་ཕྲུ་གུ་རྣམས་ཟམ་པ་ནས་སྐྱོད་སྐབས་ཞེད་སྣང་བྱེད་ཀྱི་ཡོད་པ་མ་ཟད་དེ་སྔ་མི་ཞིག་ཟམ་པ་ནས་ཟགས་མྱོང་ཡང་ཡོད། ད་ཆ་ཟམ་པ་བརྟན་པོ་ཡོད་པས་ཕར་ཚུར་འགྲོ་སྐབས་བློ་བདེ་པོ་འདུག”ཅེས་ཅ་ཐེན་ཧྥུའུ་ཡིས་བཤད་ཞོར་དུ་འཁར་རྒྱུག་ལྕགས་ཟམ་གྱི་ངོས་ལ་བཙུགས་ཙམ་བྱས། དེ་ཡང་ཁོང་གི་ཁྱིམ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ཐུའུ་མོན་ཀོན་ཤང་ཡེ་ལུང་གྲོང་ཚོར་གནས་ཡོད་ཅིང་། རི་གྲོང་དེ་གའི་གྲོང་ཚོ་དག་གིས་གཙོ་བོ་སོ་ནམ་བྱེད་ཀྱི་ཡོད་པས་གྲོང་མི་འགྲོ་སྐྱོད་སྟབས་བདེ་མེད་པ་ནི་ཐོག་མཐའ་བར་གསུམ་དུ་དཀའ་གནད་ཅིག་ཏུ་གྱུར་ཡོད།
རི་ཚོགས་ཀྱིས་བསྐོར་ཞིང་ལམ་ཐག་རིང་བར་བརྟེན། མཚོ་སྔོན་གྱི་ཐག་རིང་ལུང་ཁུག་གི་གྲོང་གསེབ་མི་ཉུང་བ་ཞིག་གི་མང་ཚོགས་ལ་མཚོན་ན། དུས་ཡུན་རིང་པོར“གྲོག་རོང་གཡང་གཟར”གྱི་དཀའ་ངལ་འཕྲད་ཀྱི་ཡོད། ཚང་མས་རང་འགུལ་ངང་བསྐྲུན་པའི་ཤིང་ཟམ་དང་། ཨར་འདམ་ཟམ་པ། ཨར་འདམ་སྦུ་གུའི་ཟམ་པ་སོགས་ལ་ཤར་བགྲོད་དེ་ཙམ་བདེ་པོ་མེད་པ་མ་ཟད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་ཆེན་པོ་ཡོད།
འགྲོ་སྐྱོད་དང་སྐྱེལ་འདྲེན་དཀའ་བ་ནི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་འཕྲད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་ལ། མཚོ་སྔོན་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དོ་ཁུར་བྱེད་པའི་དམངས་འཚོའི་བྱ་བ་གལ་ཆེན་ཞིག་ཀྱང་རེད།
མཚོ་སྔོན་གྱིས་ཞིང་འབྲོག་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་འགྲོ་སྐྱོད་དཀའ་བའི་གནད་དོན་ལ་དམིགས་ཏེ། 2025ལོར“ངའི་ཁྱིམ་གྱི་སྒོ་རྩའི་ཟམ་པ་དེ”ཞེས་པའི་ཆེད་དོན་དམངས་ཕན་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ཤིང་། ལོ་གསུམ་གྱི་རིང་དམངས་ཕན་ཟམ་པ་1500བསྐྲུན་རྒྱུའི་དམིགས་ཚད་ཁ་གསལ་བཟོས་ནས་ཏན་ཏན་ཏིག་ཏིག་གིས་དམངས་འཚོའི་འགག་རྩའི་དོན་ཆུང་ཡག་པོ་བསྒྲུབས་པ་དང་དམངས་ཕན་ཟམ་པ་རེ་རེ་ལས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
དམངས་ཕན་ཟམ་པ་བསྐྲུན་པ་དེས་དཀའ་གནད་བསལ་ཡོད། ད་ཆ་ཞིང་འཕྲུལ་ཆེ་གྲས་ཐད་ཀར་ཞིང་ཁའི་ནང་གཏོང་ཐུབ་པ་དང་། ནོར་ལུག་ཉོ་མཁན་གྱི་ཟོག་འདྲེན་རླངས་འཁོར་ཡང་ཐད་ཀར་ལུག་ཚང་གི་སྒོ་འགྲམ་དུ་གཏོང་ཐུབ་པས་མང་ཚོགས་ཀྱི་ཡོང་འབབ་ཀྱང་དེ་དང་ཆབས་ཅིག་མང་དུ་སོང་ཡོད། “སྔོན་ཆད་བགྲོད་ལམ་ཤར་གཏོང་ཐུབ་མེད་པའི་དབང་གིས་ང་ཚོའི་ནོར་ལུག་ཀྱང་བཙོང་ཐུབ་ཀྱི་མེད། ད་ཆ་དམངས་ཕན་ཟམ་པ་བསྐྲུན་པ་དང་དུས་མཚུངས་ང་ཚོའི་ནོར་ལུག་ཕྱིར་འཚོང་གི་ཐབས་ལམ་ཡང་རྒྱ་ཆེ་རུ་ཕྱིན་ཡོད། ‘ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས’ཞེས་པའི་སྐད་ཆ་དེ་ང་རང་ལོ་དྲུག་ཅུ་སོང་རྗེས་གཞི་ནས་ཚོར་བྱུང་། ཕ་མེས་དུས་ནས་ཟམ་པ་རྒྱག་དགོས་བསམ་པ་དེ་ང་ཚོའི་མི་རབས་འདིར་གཞི་ནས་རྒྱག་ཐུབ་སོང”ཞེས་ལེ་ཡན་ཁྲེང་གིས་བཤད།
དམངས་ཕན་ཟམ་པའི་ལས་གྲྭ་བསྐྲུན་པའི་ཐོག་མའི་དུས་སུ། ཟམ་པ་རྒྱག་ས་ཡག་པོ་ཞིག་འདེམས་རྒྱུ་ནི་ལས་བྱེད་པ་ཚོས་སེམས་ཁྲལ་ཆེ་ཤོས་བྱེད་པའི་བྱ་བ་ཞིག་ཏུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུས་ཟི་ལིང་གཞུང་ལམ་དུམ་བུའི་འགན་འཁུར་བ་གཞོན་པ་ཕུའུ་ཆིང་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་ཟི་ལིང་གཞུང་ལམ་དུམ་བུས་དམངས་ཕན་ཟམ་པ་30བསྐྲུན་རྒྱུའི་ལས་འགན་ཁུར་བ་དང་། བཅར་འདྲི་སྤེལ་རེས་དང་ས་ཡུལ་དངོས་སུ་ཚོད་རྩིས་ཐེངས་མང་བྱས་པ་བརྒྱུད། ལས་དོན་པས་ཟམ་པ་ཚང་མར“ཟམ་པ་རེར་ཡིག་ཚགས་རེ”ཡི་གྲངས་གཞིའི་མཛོད་བཟོས་ནས་དམངས་ཕན་ཟམ་པ་དག་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཡོད་པའི་ས་ཆར་དངོས་འབྲེལ་བསྐྲུན་རྒྱུའི་འགན་ལེན་བྱས་ཡོད།
2025ལོའི་ལོ་མཇུག་བར། མཚོ་སྔོན་གྱིས་དམངས་ཕན་ཟམ་པ་500འཛུགས་སྐྲུན་གྱི་ལས་འགན་ཁག་དང་པོ་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། རྣམ་གྲངས་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8དང་རྫོང(གྲོང་ཁྱེར་དང་ཆུས)29ལ་ཁྱབ་ནས་ཞིང་འབྲོག་མང་ཚོགས་ཁྲི་30ལྷག་ཙམ་ལ་ཕན་པ་ཐོབ་ཡོད། 2026ལོའི་ལས་དོན་བཀོད་སྒྲིག་བྱེད་སྐབས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ད་ལོ་མུ་མཐུད་ཞིང་འབྲོག་ཁུལ་གྱི་དམངས་ཕན་ཟམ་པ་500བསྐྲུན་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།