2026ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོའི་བྱེད་སྒོ་ནེ་རོ་པིར་སྤེལ་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོ་ཐེངས་17པར་རྟེན་འབྲེལ་ཞུ་བའི“ཡི་གེར་བརྟེན་ནས་རྒྱུན་འཛིན་བྱེད། རིག་རྒྱུན་མཉམ་དུ་མངོན་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱ་ཡིག་ཉིན་མོ་དང་རིག་གནས་ཉམས་ལེན་བྱེད་སྒོ་དེ་མཉམ་འབྲེལ་རྒྱལ་ཚོགས་ནེ་རོ་པི་དོན་གཅོད་ཁྲུའུ་རུ་སྤེལ་བ་རེད། ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀུའོ་ཧའེ་ཡན་དང་། མཉམ་འབྲེལ་རྒྱལ་ཚོགས་ནེ་རོ་པི་དོན་གཅོད་ཁྲུའུ་ཡི་སྤྱི་ཁྱབ་ཀན་ཧྲི་པན་ཀུའུ་ལཱ། དེ་བཞིན་ཁེན་ནི་ཡར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེ་མོ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་མི། ནེ་རོ་པི་སློབ་ཆེན་དང་ཁེན་ཡ་ཐ་སློབ་ཆེན་གྱི་དགེ་སློབ་སོགས་མི་བརྒྱ་ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
ཀུའོ་ཧའེ་ཡན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོའི་ཡིག་གཟུགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་ནི་རྒྱ་ཡིག་གི་མཚོན་བྱེད་རང་བཞིན་ལྡན་ཤོས་ཀྱི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་དང་། དེར“མཐུན་ཡང་གཅིག་པ་མིན་པའི”རིན་ཐང་ལྟ་བ་ལྡན་པ་མ་ཟད། དེ་ལས“འདྲ་མཉམ་ཕན་ཚུན་དཔྱད་གཞིར་འཛིན་པའི”ཤེས་དཔལ་ལྟ་བ་མངོན་ཡོད་ལ། “ཞི་མཐུན་མཉམ་གནས” ཀྱི་འཇིག་རྟེན་ལྟ་བའང་ཁྱབ་བསྒྲགས་བྱས་ཡོད་ཅེས་བརྗོད། ཀུའོ་ཧའེ་ཡན་གྱིས་2026ལོ་ནི་ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ་ཡིན་པས། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དེས་ཀྲུང་ཧྥེའི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཨ་ཧྥེ་རི་ཁ་དང་ཁེན་ནི་ཡར་རྒྱ་ཡིག་དེ་ཉིད་གོ་སྐབས་བསྐྲུན་པའི“གསེར་གྱི་ལྡེ་མིག”ལྟ་བུར་འགྱུར་བཞིན་ཡོད་པ་དང་། ནེ་རོ་པིའི་ཁུང་ཙི་སློབ་གླིང་དང་ལུའུ་པན་བཟོ་ཁང་དུ་ཨ་ཧྥེ་རི་ཁའི་གཞོན་ནུ་དེ་བས་མང་བས་རྒྱ་སྐད་ནས་ལག་རྩལ་སྐོར་སྤེལ་རེས་བྱེད་ཐུབ་པ་མ་ཟད། དེ་བས་ཡིག་གཟུགས་ལ་བརྟེན་ནས་བརྩེ་བ་མཚོན་པར་བྱེད་ཀྱི་ཡོད་ཅེས་བརྗོད།
པན་ཀུའུ་ལཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་ཀྱི་སྐད་རིགས་དྲུག་གི་གྲས་ཤིག་ཡིན་པའི་རྒྱ་ཡིག་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་དང་བསམ་བློའི་ཤུགས་རྐྱེན་ལྡན་ཡོད་པ་དེ་ཐོག་ནས་འཆམ་མཐུན་དང་། ཕན་ཚུན་བརྩི་འཇོག ཐུན་མོང་གི་འགན་འཁྲི་སོགས་ཀྱི་རིན་ཐང་འདུ་ཤེས་མངོན་པ་དང་། འདུ་ཤེས་དེ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་དང་ཧ་ཅང་འཚམ་པོ་ཡོད། སྐད་ཆའི་སྣ་མང་རང་བཞིན་དེས་སྐད་ཆ་ཤོད་རེས་ལ་སྐུལ་འདེད་དང་བསམ་ཤེས་ཐུབ་ཚད་ཟབ་ཏུ་གཏོང་བར་ཕན་ཐོགས་ཡོད་པ་ཞིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་འདེགས་སྐྱོར་ནུས་ལྡན་ཡང་བྱེད་ཐུབ་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།