ལོ་བཞིའི་རིང་ཀྲུང་གོར་འཚམས་འདྲི་ཐེངས་བཞི་བྱས་པས། དུས་འགྱུར་ཁྲོད་སི་ཀྲུང་ལ“གཉིས་མོས་མཉམ་འབད”མངོན་འགྱུར་བྱུང་བ།
མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་དུས་འགྱུར་ཆེན་པོ་ཞིག་མགྱོགས་མྱུར་བྱུང་ནས། སི་ཕེན་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་ཐད་འཐབ་ཇུས་ཀྱི་རིན་ཐང་གལ་ཆེན་མངོན་བཞིན་ཡོད། སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིས་ལོ་བཞིའི་ནང་གི་ཀྲུང་གོར་འཚམས་འདྲི་ཐེངས་བཞི་པ་བྱེད་འགོ་ཚུགས་པ་དེ་ཐོག་ནས་སི་ཀྲུང་འབྲེལ་བའི་འཕེལ་རྒྱས་དེ་ཕྱོགས་གཉིས་པོའི་མཉམ་ལས་དང་འབྲེལ་བ་ཡོད་པ་མ་ཟད། དེ་བས་ཡོ་ཀྲུང་འབྲེལ་བ་དང་ཐ་ན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་དཔེ་སྟོན་གྱི་དོན་སྙིང་ལྡན་པའང་མཚོན་གྱི་ཡོད།
ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། སི་ཀྲུང་རྒྱལ་ཁབ་གཉིས་པོ་ས་ཐག་རིང་ཡང་འགྲོ་འོང་གི་རྨང་གཞི་བརྟན་ཞིང་། 2005ལོར་རྒྱལ་ཁབ་གཉིས་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་མང་བ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། ལྷག་པར་དུ་མིག་སྔའི་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱབ་ལྗོངས་འོག བརྟན་ལྷིང་དང་རྒྱུན་མཐུད་ཀྱི་མཉམ་འགུལ་དེ་རིགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ཐོག་ནས་ཕྱོགས་འགལ་དང་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་འགྲོ་བའི་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་གླེང་མོལ་དང་མཉམ་ལས་ནི་སྔར་བཞིན་གཙོ་རྒྱུན་གྱི་གདམ་ག་ཞིག་ཡིན་པ་མཚོན་གྱི་ཡོད།
ཡོ་རོབ་ཀྱི་ལྟ་ཕྱོགས་ནས་བལྟས་ན། ཀྲུང་གོའི་དབར་གྱི་འབྲེལ་བའི་ཁྲོད་སི་ཕེན་ལ་དམིགས་བསལ་གྱི་ངེས་གནས་རིམ་བཞིན་ཆགས་བཞིན་ཡོད། སི་ཕེན་གྱིས་ཡོ་རོབ་མནའ་འབྲེལ་གྱི་སྤྱི་ཡོངས་ཀྱི་སྲིད་ཇུས་སྒྲོམ་གཞིར་གཞི་ཚུགས་པ་དང་ཆབས་ཅིག དངོས་སྒྲུབ་དང་། རྗེས་དཔག སྒོ་དབྱེ་བཅས་ཀྱི་སྲིད་ཇུས་ཀྱི་ཁ་ཕྱོགས་མངོན་ཡོད། མིག་སྔར་ཡོ་ཀྲུང་འབྲེལ་བར་འགྱུར་ལྡོག་འགྲོ་བའི་གནས་ཚུལ་འོག སི་ཕེན་གྱིས་གླེང་མོལ་བྱས་ནས་འགལ་ཟླ་སེལ་བ་དང་མཉམ་ལས་བྱས་ནས་གཉིས་ཕན་ཡོང་བར་བྱས་ཏེ། ཡོ་ཀྲུང་འབྲེལ་བ་བརྟན་པོ་དང་འབྲེལ་གཏུག་ཟབ་ཏུ་གཏོང་ཆེད་འབྲེལ་ཟམ་གྱི་ནུས་པ་བཏོན་ཡོད་ཅེས་ནན་བཤད་བྱས།
དཔལ་འབྱོར་ཐད་སི་ཕེན་ལ་ཀྲུང་གོའི་ཁྲོམ་རའི་གལ་ཆེའི་རང་བཞིན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཀྲུང་གོ་འདི་ཉིད་སི་ཕེན་གྱི་འཕར་བའི་ཁྲོམ་ར་གལ་ཆེན་གྱི་གྲས་སུ་གྱུར་པ་དང་ལྷག་པར་དུ་ཞིང་ལས་ཐོན་རྫས་དང་། བཟའ་བཅའ་ལས་སྣོན། ཟུར་སྣོན་རིན་ཐང་མཐོ་བའི་བཟོ་སྐྲུན་བཅས་ཀྱི་ཁྱབ་ཁོངས་སུ་ཕྱོགས་གཉིས་པོའི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། སྐྱུ་རུའི་སྣུམ་དང་རྒུན་འབྲུམ་ཨ་རག་ནས་ཕག་ཤའི་ཐོན་རྫས་བར། ཀྲུང་གོའི་ཁྲོམ་རས་སི་ཕེན་གྱི་ཁེ་ལས་ལ་བར་མཐོངས་ཆེན་པོ་མཁོ་འདོན་བྱས་ཡོད་ལ། སི་ཕེན་གྱི་ཐོན་རྫས་ཀྱིས་ཀྱང་ཀྲུང་གོའི་འཛད་སྤྱོད་པར་སྤུས་ལེགས་ཀྱི་གདམ་ག་དེ་བས་མང་བ་མཁོ་འདོན་བྱས་ཡོད།
གོ་ལ་ཧྲིལ་པོའི་ཐད་སི་ཀྲུང་མཉམ་ལས་ལ་སྔར་བཞིན་རྒྱ་ཆེ་བའི་བར་མཐོངས་ལྡན་ཞིང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་ནས་འབྲུ་རིགས་བདེ་འཇགས་ཀྱི་སྲུང་སྐྱོང་བར་དང་། ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་ནས་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བར། སི་ཀྲུང་ཕྱོགས་གཉིས་པོར་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་གཞི་མང་པོའི་ཐད་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་དགོས་མཁོ་ལྡན་ཡོད། སི་ཕེན་གྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཕྱོགས་གཉིས་པོར་མཐུན་ཆ་མང་པོ་ཡོད།
འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། སི་ཀྲུང་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་རེ་སྒུག་བྱེད་རིན་ཡོད། མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་བརྟན་དུ་འགྲོ་རེ་ཡོད། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་བསྟུན་ནས་དཔལ་འབྱོར་ཚོང་དོན་འབྲེལ་བ་དེ་ཚན་རྩལ་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས་སོགས་ཀྱི་ཕྱོགས་སུ་སྣུར་སྲིང་ཐུབ་ནས་འཕར་ནུས་དེ་བས་མང་བ་འདོན་ཐུབ་རེ་ཡོད། ཡོ་ཀྲུང་འབྲེལ་བའི་སྤྱིའི་སྒྲོམ་གཞིའི་འོག སི་ཕེན་གྱིས་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུ་ཡིན་པ་དེས་དེ་བས་དཔྱོད་ཤེས་དང་། བརྟན་པོ། སྔོན་དཔག་ཐུབ་པ་བཅས་ཀྱི་ཀྲུང་གོར་འཛིན་པའི་སྲིད་ཇུས་ཀྱི་ཁོར་ཡུག་ཅིག་ཆགས་རྒྱུར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད།
སྒོ་དབྱེ་མཉམ་ལས་ནི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པའི་གདམ་ག་ཡག་ཤོས་ཤིག་ཡིན་པ་ལོ་རྒྱུས་ལས་ར་སྤྲོད་ཡང་ཡང་བྱས་ཡོད། མིག་སྔའི་རྒྱལ་སྤྱིའི་ཁོར་ཡུག་འོག སི་ཀྲུང་འབྲེལ་བའི་དོན་སྙིང་དེ་སྔ་ས་ནས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ལས་བརྒལ་ཏེ་འཕེལ་རྒྱས་གཏོང་སྟངས་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་རྒྱལ་ཁབ་ཀྱིས་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་མངོན་འགྱུར་བྱེད་པར་གྱུར་ཡོད། ཕྱོགས་གཉིས་པོས་གླེང་མོལ་དང་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ་དང་བསྟུན་ནས། སི་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ཏེ། ཡོ་ཀྲུང་འབྲེལ་བར་བརྟན་པོའི་རང་བཞིན་དེ་བས་མང་བ་བསྣན་ཡོད་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་ཡང་འབུལ་རྒྱུ་རེད།
(རྩོམ་པ་པོ་ནི་སི་ཕེན་IEསློབ་ཆེན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡིན་པ)
འབྲེལ་ཡོད་གསར་འགྱུར།