གཤགས་བཅོས་ལམ་ལྷོང་ཐུབ་ཚད་0.1%ལས་མེད་ཀྱང་ནད་པ་སྲོག་ཉེན་ལས་བསྐྱབས་པ།
—— བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས་ནད་ཚབས་ལྕི་བའི་ནད་པར་སྨན་བཅོས་གནད་སྨིན་བྱས་པ།

འདི་ནི་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོགས་པའི་སྨན་པ་ཕུར་བུ་ཚེ་རིང(གཡོན་གྱི་གཉིས་པ)གིས་ནད་པར་བརྟག་དཔྱད་བྱེད་བཞིན་པ།

འདི་ནི་ནད་པ་སྨན་ཁང་ནས་དོན་སྐབས་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་སྨན་བཅོས་ཚོགས་པར་གོས་དར་འབུལ་བཞིན་པ།
“ཁྱིམ་དུ་ལོག་ནས་རྗེས་འཇུག་གི་གྲ་སྒྲིག་བྱེད”“གཤགས་བཅོས་ལམ་ལྷོང་ཐུབ་ཚད་0.1%ཙམ་ལས་ཟིན་གྱི་མེད”
ལོ་66ལ་སླེབས་པའི་པ་ཕའི་ནད་གཞིར་སྨན་ཁང་གཉིས་ནས་ཉེན་ཆེའི་ནད་བརྡ་གཅིག་མཇུག་གཉིས་མཐུད་ངང་འབྱོར་སྐབས་བུ་ཚེ་རིང་བསམ་གྲུབ་སེམས་སྡུག་ཚད་མེད་ཀྱིས་མནར།
སྨན་པས་ཕའི་ནད་གཞི་ཚབས་ཆེ་བས་གཤགས་བཅོས་མ་བྱས་ཚེ་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འདུག ཡིན་ནའང་གཤགས་བཅོས་ལམ་ལྷོང་ཐུབ་ཚད་ཧ་ཅང་དམའ་པོ་ཡོད་ཅེས་བཤད་པས་ཁོང་དང་ནང་མི་ཚོ་སེམས་ཁྲལ་དེ་བས་ཆེ་བ་བྱུང་།
ནང་མི་ཚང་མ་རེ་ཐག་ཆད་པའི་གནས་སུ་གྱར་སྐབས། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་སྨན་བཅོས་ཚོགས་པས་གནད་སྨིན་བརྡར་གཅོད་བྱས་ཏེ། གཤགས་བཅོས་མ་བྱས་པར་བློ་ཁོག་ཆེན་པོས་ཁྲག་རྩ་མི་འགག་པའི་སྨན་བཅོས་ཇུས་གཞི་ལག་ལེན་བསྟར་བ་བརྒྱུད། མཐར་ནད་པ་ཉེན་ཁ་ལས་ཐར་ཏེ་2025ལོའི་ཟླ་11ཚེས་21ཉིན་སྨན་ཁང་ནས་བདེ་བླག་ངང་དོན་པ་རེད།
ཁྲག་རྩ་མི་འགག་པའི་སྨན་བཅོས་ཇུས་གཞི་དེ་ལས་མཐོང་དཀོན་པའི་ནད་ཚབས་ལྕི་བའི་ནད་པར་གཤགས་བཅོས་ཀྱི་ན་ཟུག་མྱོང་མི་དགོས་པ་མ་ཟད་རྒྱུ་མའི་སྐྱི་མོའི་ཁྲག་རྩ་འགག་པའི་མཐོང་དཀོན་ཞིང་ཉེན་ཁ་ཆེ་བའི་ནད་རིགས་ལའང་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད།
2025ལོའི་ཟླ་10པའི་ཟླ་དཀྱིལ་དུ། ཚེ་རིང་བསམ་གྲུབ་ཀྱི་པ་ཕར་གློ་བུར་དུ་ཁོག་སྨད་ལ་ན་ཟུག་ཆེན་པོ་བཏང་ནས་འཕྲལ་མར་སྨན་ཁང་དུ་བསྐྱོད་དེ་བརྟག་དཔྱད་བྱས་རྗེས་རྒྱུ་མའི་སྐྱི་མོའི་ཁྲག་རྩ་འགག་པའི་ནད་གཞིར་གཏན་འཁེལ་བྱུང་བ་དང་། གཟའ་འཁོར་གཅིག་གི་རྗེས་སུ་ཡུལ་དེ་གའི་སྨན་ཁང་གིས“ཁྱིམ་དུ་ལོག་ནས་རྗེས་འཇུག་གི་གྲ་སྒྲིག་བྱེད་དགོས་པའི”ཉེན་ཆེའི་བརྡ་ཐོ་བཏང་བས་ནང་མི་ཚང་མ་སེམས་སྡུག་གིས་མནར།
སྐབས་དེ་དུས་ནང་མི་ཚང་མ་རེ་ཐག་ཆད་ཅིང་། 2025ལོའི་ཟླ་11ཚེས་5ཉིན་ཚེ་རིང་བསམ་གྲུབ་ཀྱིས“ན་ཟུག་ཆུང་དུ་གཏོང་བའི”རེ་བ་བཅངས་ཏེ་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ཕྱི་ནད་ཚན་ཁག་ཏུ་ཁྲིད། སྐབས་དེར་གཙོ་བཅོས་སྨན་པ་ཕུར་བུ་ཚེ་རིང་གིས་ནད་གཞིར་ཚོད་སྐོར་ཞིབ་ཕྲ་བྱས་པ་བརྒྱུད་སྨན་བཅོས་ཀྱི་འགག་གནད་སྒྲོལ་ས་རྙེད། ཕུར་བུ་ཚེ་རིང་གིས“ནད་གཞི་ཧ་ཅང་ལྕི་པོ་ཡོད་མོད། ཡིན་ནའང་ཁྲག་རྩ་མི་འགག་པའི་སྨན་བཅོས་ཀྱི་གོ་སྐབས་ཡོད། ང་ཚོས་རྨོངས་ཚོད་ངང་གཤགས་བཅོས་བྱས་ནས་ནད་པ་ཉེན་ཁའི་གནས་སུ་གྱར་དུ་འཇུག་མི་རུང”ཞེས་བློ་ཐག་ཆོད་པོས་བཤད།
ཕུར་བུ་ཚེ་རིང་གིས“སྐབས་དེ་དུས་གནོན་ཤུགས་ཧ་ཅང་ཆེན་པོ་བྱུང་། དེ་གོང་སྨན་ཁང་གཞན་གྱིས‘ངེས་པར་དུ་གཤགས་བཅོས་བྱེད་དགོས་པའི’དམ་ཚིག་བསྒྲགས་ཡོད། ཡིན་ནའང་ང་ཚོས་ཉམས་མྱོང་ཁོ་ནར་བརྟེན་ནས་སྨན་བཅོས་བྱེད་ཐབས་གཏན་འཁེལ་མི་བྱེད་པར་ངེས་པར་དུ་ནད་གཞི་དངོས་ལ་གཞིགས་ནས་སྨན་བཅོས་བྱེད་སྟངས་འཚམ་ཤོས་བཙལ་འཚོལ་བྱེད་དགོས”ཞེས་བཤད།
ཚན་ཁག་གི་སྨན་རམས་པ་གཞོན་པ་ཡེ་ཧང་དབྱང་དང་གྲོས་བསྡུར་ཡང་ཡང་བྱས་རྗེས། སྨན་བཅོས་ཚོགས་པས་ཁྲག་རྩ་མི་འགག་པའི་སྨན་བཅོས་ཐབས་ལམ་བློ་ཁོག་ཆེན་པོས་ཚོད་ལྟ་བྱ་རྒྱུའི་གཏན་འཁེལ་བྱས།
སྨན་བཅོས་ཚོགས་པའི་གནད་སྨིན་སྨན་བཅོས་དང་ལྟ་རྟོག་གང་ལེགས་འོག་ནད་པའི་ནད་གཞི་རིམ་བཞིན་དྲག་སྐྱེད་བྱུང་ཞིང་། ཁོག་སྨད་ན་ཟུག་ཆུང་དུ་ཕྱིན་པ་དང་། རྒྱུ་འགག་ཡང་དུ་ཕྱིན་པ། ཁྲག་རྡོག་རིམ་གྱིས་ཞི་བ་བཅས་སྟོན་རྟགས་ཚང་མ་བརྟན་པོ་བྱུང་ཡོད། ཟླ་ཕྱེད་སོང་རྗེས་ནད་པའི་ནད་གཞི་རིམ་བཞིན་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་ཞིང་། “ཁྱིམ་དུ་ལོག་ནས་རྗེས་འཇུག་གི་གྲ་སྒྲིག་བྱེད་དགོས་པའི”རེ་ཐག་ཆད་པ་ནས“གཟའ་འཁོར་འདིར་སྨན་ཁང་ནས་དོན་ཆོག་པའི”དགའ་སྤྲོ་དཔག་མེད་སྐྱེས་པའི་བར། ནད་པ་དང་ནང་མིས་དགའ་སྐྱོ་ཆེན་པོ་བརྒྱུད་ཡོད།
ཡེ་ཧང་དབྱང་གིས་ནད་ཚབས་ལྕི་བའི་ནད་པར་ནད་བརྟག་སྨན་བཅོས་བྱེད་སྐབས་ཇུས་གཞི་ཡག་ཤོས་འཚོལ་ཞིབ་བྱེད་དགོས་ལ་མཇུག་འབྲས་སྡུག་ཤོས་ཀྱི་བསམ་གཞིག་གང་ལེགས་བྱས་ཏེ་སྨན་བཅོས་ཡག་པོ་ཡོང་བར་བྱེད་དགོས། ད་ཐེངས་ཁྲག་རྩ་མི་འགག་པའི་སྨན་བཅོས་བྱས་པ་བརྒྱུད་མཐོང་དཀོན་པའི་ནད་ཚབས་ལྕི་བའི་ནད་པ་བདེ་བླག་ངང་སྐྱོབ་བཅོས་ཐུབ་པ་དེ་ཐོག་ནས་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་སྨན་བཅོས་ཚོགས་པའི་བྱང་ཆུབ་པའི་ཆེད་ལས་ཀྱི་ལག་རྩལ་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་མཚོན་ཡོད་ལ། རིགས་འདྲའི་ཉེན་ཁ་ཆེ་བའི་ནད་དཔེ་སྨན་བཅོས་བྱ་རྒྱུར་རྩ་ཆེའི་ཉམས་མྱོང་ཡང་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།